མིག་ཤེལ་སྒྲིག་བཟོ་བྱེད་ན་མིག་ཤེལ་གྱི་ཏུའུ་གྲངས་དང་མིག་གི་རྒྱལ་མོའི་བར་ཐག་སོགས་ཀྱི་གཞི་གྲངས་ངེས་པར་དུ་ཡང་དག་ཡིན་དགོས། ཚད་འཇལ་ཚད་ལྡན་མིན་ཚེ་གཞི་གྲངས་ལ་ནོར་འཛོལ་བྱུང་ནས་མིག་གི་བདེ་ཐང་ལ་ཐད་ཀར་གནོད་པ་ཐེབས་ངེས། འོད་བརྟག་སྒྲིག་ཆས་ཀྱི་ཚད་འཇལ་ལ་ཧེ་བག་ཅུང་ཟད་རེ་ཡོད་གྱུར་ན་དེས་མིག་ལ་གནོད་པ་ཚབས་ཆེན་ཞིག་བཟོ་སྲིད། ལྷག་པར་དུ་གཞོན་ནུ་ལོ་ཆུང་དང་རྒན་རྒོན་ལ་ཐེབས་པའི་གནོད་པ་ཧ་ཅང་མངོན་གསལ་ཡིན།
ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས《མིག་ཤེལ་བཟོ་བ་དང་སྒྲིག་སྦྱོར་བྱ་ཡུལ་གྱི་སྦྲེལ་ཐག་ཧྲིལ་པོའི་ཚད་འཇལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་མིག་ཤེལ་བཟོ་བ་དང་སྒྲིག་སྦྱོར་ཁེ་ལས་ཀྱི་མིག་ཤེལ་ཐོན་སྐྱེད་དང་། སྒྲིག་སྦྱོར། ཕྱིར་ཚོང་། ཉམས་གསོ་སོགས་སྦྲེལ་ཐག་ཧྲིལ་པོའི་ཚད་འཇལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མིག་ཤེལ་བཟོ་སྒྲིག་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དང་། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར། ཁ་དན་ཚིག་གནས་ཀྱི་ཚད་འཇལ་ལས་ཁུངས་ཁག་ཅིག་སྐྱེད་སྲིང་བཅས་བྱས་ནས་མིག་ཤེལ་བཟོ་སྒྲིག་གཉེར་སྐྱོང་པའི་ཚད་འཇལ་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་དང་། མིག་ཤེལ་བཟོ་སྒྲིག་གི་གནད་འཁེལ་རང་བཞིན་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས“མཐོང་རྒྱ་གསལ་བོ”ལ་སྲུང་སྐྱོང་བྱེད་དགོས།
ངོ་སྤྲོད་བྱས་པར་གཞིགས་ན། བརྡ་ཐོའི་ནང་ཕྱོགས་ཆེན་པོ་ལྔ་ལ་དམིགས་ནས་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ཡོད་དེ།
གཅིག བྱེད་པོའི་ལམ་ལུགས་དང་མི་སྣའི་དོ་དམཕྱོགས་ལ་ཞིབ་བཤེར་བྱེད་དགོས། ཚད་འཇལ་དོ་དམ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་ལུགས་འཛུགས་སྐྱོང་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཚད་འཇལ་དོ་དམ་པ་དང་འོད་བཤེར་མེ་ལོང་སྒྲིག་སྦྱོར་གྱི་ཆེད་ལས་མི་སྣ་བཀོད་སྒྲིག ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་པ། རྒྱུན་རྣམ་ཅན་གྱི་གསོ་སྦྱོང་བཅས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས།
གཉིས། ཚད་འཇལ་ཡོ་བྱད་ལ་བཙན་ཤེད་ཀྱིས་དོ་དམ་ཚོད་འཛིན་བྱེད་དགོས། མདོ་ཚད་རྩིས་ཆས་དང་། འོད་བཤེར་དཔྱད་ཆས། འོད་བཤེར་ཤེལ་ལེབ་བཅས་ལྷུ་ལག་ཆ་ཚང་་སོགས་བཙན་ཤེད་ཀྱིས་ཞིབ་བཤེར་གཏན་འཁེལ་བྱེད་པའི་སྒྲིག་ཆས་ཐོ་འགོད་སྙན་སེང་དང་དུས་འཁོར་གཅིག་གི་ཞིབ་བཤེར་གཏན་འཁེལ་དོ་དམ་བཅས་ལ་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་གཏན་འཁེལ་མ་བྱས་པ་དང་། དུས་བཅད་ལས་བརྒལ་ཡང་ཞིབ་བཤེར་མ་བྱས་པ། ཞིབ་བཤེར་གཏན་འཁེལ་གྱི་ཚད་གཞི་མ་ལོན་པ་བཅས་ཀྱི་ཚད་འཇལ་དཔྱད་ཆས་སྤྱད་པའི་རིགས་དང་། ཁྲིམས་འགལ་ངང་ཁྲིམས་བཀོད་མ་ཡིན་པའི་ཚད་འཇལ་འཇལ་བྱེད་བཀོལ་སྤྱོད་ལ་སོགས་ཁྲིམས་འགལ་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་མོ་བྱེད་དགོས།
གསུམ། ཐོན་སྐྱེད་གཉེར་སྐྱོང་སྒྲིག་ཆས་དང་གཞི་གྲངས་དོ་དམ་ཚོད་འཛིན་བྱེད་དགོས། མིག་ཤེལ་གྱི་ཤེལ་ལེབ་དང་། མིག་སྐྱིའི་ཐུག་ཤེལ། མིག་ཤེལ་གྲུབ་མ་ཐོན་སྐྱེད་བྱེད་མཁན་གྱི་རྩེ་མདོ་ཚད་དང་། བརྟོལ་ཚད། མཐུག་ཚད་སོགས་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་གྲངས་ཚད་གནད་འཁེལ་རང་བཞིན་ལ་ཞིབ་དཔྱད་བྱེད་དགོས་པ་དང་། འོད་བརྟག་མིག་ཤེལ་སྒྲིག་བཟོ་དང་མིག་སྐྱིའི་ཐུག་ཤེལ་གཉེར་སྐྱོང་ཚོང་ཁང་གི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་ཚོང་ཟོག་ནང་འདྲེན་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་ཕྲེང་ཐག་ཧྲིལ་པོའི་ཚད་འཇལ་གཞི་གྲངས་དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བ་བྱེད་དགོས།
བཞི། གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཚད་འཇལ་ཚད་ལྡན་དུ་གཏོང་དགོས། མིག་ཤེལ་བཟོ་བ་དང་སྒྲིག་སྦྱོར་བྱེད་པའི་ཚད་འཇལ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ནས་ཚད་འཇལ་ཟིན་ཐོ་མེད་པ་དང་། གཞི་གྲངས་ངོ་མ་མིན་པ། བཀོལ་སྤྱོད་ཚད་ལྡན་མིན་པ་སོགས་མངོན་གསལ་དོད་པའི་གནད་དོན་གྲལ་བཤེར་བྱེད་དགོས།
ལྔ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་དང་ཐག་གཅོད་ལམ་སྲོལ་ཚད་ལྡན་དུ་གཏང་དགོས།
ཞུ་གཏུག་ཐེར་འདོན་ཐོ་འགོད་དང་། ཞིབ་བཤེར། ཐག་གཅོད། བསྐྱར་བཅར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་བཏང་ནས་མིག་ཤེལ་སྒྲིག་སྦྱོར་ཚད་འཇལ་གྱི་འབྲེལ་ཡོད་མང་ཚོགས་ཀྱི་རེ་ཞུ་མགྱོགས་མྱུར་ཐག་གཅོད་བྱས་ཏེ་འཛད་སྤྱོད་ཚད་འཇལ་གྱི་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།
བརྡ་ཐོ་ལྟར་ན། རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་ཚད་ལྡན་རང་བཞིན་ཆེ་རུ་གཏོང་དགོས་པ་སྟེ།
མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་ཁུངས་སྣེ་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ཁྲོད་རྒྱུས་ལོན་བྱུང་བའི་གནད་དོན། གླེང་ཕྱོགས་ཁྲོད་གླེང་མང་བའི་གནད་དོན། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཚུལ་སོགས་དང་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱ་ཡུལ་གྱི་གསལ་ཐོ(མིག་ཤེལ་བཟོ་བ་དང་སྒྲིག་སྦྱོར་བྱེད་པའི་ཚད་འཇལ་བྱེད་སྒོ་དང་འབྲེལ་བ་ཡོད་པའི་བྱེད་པོ་སྣ་ཚོགས་ཚུད་དགོས)དང་ལྟ་སྐུལ་ཞིབ་བཤེར་ལག་བསྟར་བྱེད་མཁན་མི་སྣའི་མིང་ཐོ་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་ལྟ་སྐུལ་དང་ཞིབ་བཤེར་གྱི་ཚད་གཞི་གཅིག་གྱུར་བྱེད་དགོས།
ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་དང་ཐེངས་གྲངས་ལུགས་མཐུན་ངང་གཏན་འཁེལ་བྱས་ནས་མིག་ཤེལ་སྒྲིག་བཟོ་གཉེར་སྐྱོང་བྱེད་པོའི་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་ཤུགས་རྐྱེན་མི་ཐེབས་པའམ་ཡང་ན་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་འདུན་དུས་ཐོག་ཏུ་དང་ལེན་དང་ཐག་གཅོད་བྱེད་དགོས།
ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས་གྲངས་འཛིན་ཅན་གྱི་བྱེད་ཐབས་བརྒྱུད་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྲིད་འཛིན་ཞིབ་བཤེར་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་འཇོག་པ་དང་། ཁུངས་འདེད་ཆོག་པ། ལྟ་སྐུལ་ཆོག་པ་བཅས་མངོན་འགྱུར་ཡོང་བ་བྱས་ཏེ། གང་བྱུང་དུ་ཞིབ་བཤེར་བྱེད་པ་དང་། ཡང་དང་བསྐྱར་དུ་ཞིབ་བཤེར་བྱེད་པ། ཕྱོགས་མང་པོས་ཞིབ་བཤེར་བྱེད་པའི་རིགས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག་ལག་བསྟར་ནན་པོ་བྱས་ཏེ་གནད་འཁེལ་དང་འབེན་ཕྱོགས་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།