ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཁར་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས15ཉིན་ནས་ཚེས17ཉིན་བར་དུ། ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་གུང་ཧོ་རྫོང་དུ་སོང་ནས། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གཅིག་སྡུད་དྲོད་རླངས་མཁོ་འདོན་སྲོལ་ཡིག》གི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་ཏེ། འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་ལ་ཉན།

རྟོག་ཞིབ་ཚན་ཆུང་གིས་ཞིན་ཧེ་རྫོང་དང་གུང་ཧོ་རྫོང་གི་དྲོད་རླངས་མཁོ་འདོན་ཁེ་ལས་སུ། མཁར་གྲོང་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གཞི་འཛུགས་སྐྲུན་དང་དེ་བཞིན་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ད་དུང་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། དྲོད་རླངས་མཁོ་འདོན་སྲོལ་ཡིག་བཟོ་བ་ནི་ཁྱིམ་ཚང་ཁྲི་སྟོང་གིས“དགུན་ཁ་དྲོད་ཁོལ་ལྡན་པའི་ངང་སྐྱེལ་རྒྱུ”དང་འབྲེལ་བ་ཡོད་པའི་དམངས་འཚོའི་ཁྲིམས་འཛུགས་གལ་ཆེན་ཞིག་ཡིན་ལ། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་ནུས་ཁུངས་གྲོན་ཆུང་ལ་སྐུལ་སྤེལ་གཏོང་བ། བྱེད་སྟངས་བསྒྱུར་བ་བཅས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་མཁོ་འདོན་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་ཀྱི་ལངས་ཕྱོགས་ནས་བརྟན་པོར་ལངས་ཏེ། མང་ཚོགས་ཀྱི་ལམ་ཕྱོགས་སྟེང་ཡག་པོར་བསྐྱོད་དེ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་དགོས་མཁོར་དམིགས་ནས། ལམ་ལུགས་ཇུས་འགོད་ཡག་པོ་བྱེད་པ་དང་། དྲོད་རླངས་མཁོ་འདོན་ལས་དོན་གྱི་བླང་བྱ་གསར་པ་དང་རེ་ལྟོས་གསར་པར་ལན་འབད་པས་བཏབ་སྟེ། ལམ་ལུགས་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་ཤུགས་ཆེན་བྱེད་དགོས། གནད་དོན་གྱི་ཁྲིད་སྟོན་ལ་བརྩི་སྲུང་དང་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དྲོད་འདོན་གྱི་སྤུས་ཚད་ལ་འགན་སྲུང་ཇི་ལྟར་བྱེད་པ་དང་། དྲོད་རླངས་མཁོ་འདོན་དང་དྲོད་རླངས་བཀོལ་སྤྱོད་ཀྱི་དབང་ཆ་དང་འགན་འཁྲི་ཇི་ལྟར་དགར་བ། འགྲོ་གྲོན་འཇལ་བར་ཚད་གཞི་གང་འདྲ་སྤྱོད་པ་སོགས་ཀྱི་འགག་རྩའི་གནད་དོན་ཅི་རིགས་ཐག་གཅོད་གང་ཐུབ་བྱས་ནས། སྲོལ་ཡིག་འཛུགས་ཐུབ་པ་དང་ལག་ལེན་བསྟར་ཐུབ་པ། གོ་ཆོད་པ་བཅས་ཡོང་བར་འབད་དགོས། ཁྲིམས་ལྟར་ཁྲིམས་འཛུགས་རྒྱུན་འཁྱོངས་དང་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་། གོང་གནས་བཅའ་ཁྲིམས་ཀྱི་གཏན་འབེབས་ནན་མོ་གཞིར་བཟུང་ནས། འབྲེལ་ཡོད་སྲིད་ཇུས་ཡིག་ཆའི་དགོངས་དོན་སྦྲེལ་མཐུད་དོན་འཁྱོལ་བཅས་བྱས་ཏེ། སྲོལ་ཡིག་དེ་ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན། ལག་བསྟར་བྱེད་ཆོག་པའི་རང་བཞིན་སོགས་ཀྱི་ཐད་ནས་བླང་བྱ་དང་མཐུན་པར་བྱེད་དགོས་པར་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བདེ་བླག་ངང་ཆོག་མཆན་འཐོབ་པར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།