མཚོ་སྔོན་གྱི་ཐོན་ལས“གནས་བཞིའི”ཆེད་དོན་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས“གནས་བཞིའི”འོས་སྦྱོར་ཚོང་གཏམ་ཚོགས་འདུ་དེ་པེ་ཅིན་ནས་བདེ་བླག་ངང་འཚོགས། འདི་ནི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་མུ་ཕྲེང་སྐུལ་སྤེལ་འགྲེམ་ཚོགས་སྐབས་བཞི་པའི་ཕྲེང་བསྟར་བྱེད་སྒོའི་ནང་དོན་གཅིག་ཡིན་པས། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་ཉོ་ཚོང་སྐུལ་སྤེལ་ཚོགས་འདུས་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་འགྲེམ་སྟོན་སྟེགས་བུར་བརྟེན་ནས། མུ་མཐུད་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལམ་བུ་རྒྱ་བསྐྱེད་དང་། གནད་ལ་འཁེལ་བའི་སྒོ་ནས་ཐོན་ལས་མུ་ཕྲེང་གི་ཚོང་འགུག་གི་བྱེད་ཐབས་གལ་ཆེན་སྤེལ་བའི་ཆེད་རེད། ཀྲུང་གོར་སྡོད་པའི་རྒྱལ་ཁབ་མང་པོའི་བཟོ་ཚོང་ལས་ཁུངས་དང་། རྒྱལ་ཁོངས་བརྒལ་བའི་ཚོང་ལས་མཐུན་ཚོགས། འཛམ་གླིང་ཁེ་ལས་ཆེན་མོ500། རྒྱལ་ནང་གི་གནད་ཆེའི་ཐོན་ལས་མུ་ཕྲེང་གི་ཁེ་ལས་དང་མ་དངུལ་མཉམ་འདྲེས་དངུལ་གཏོང་ལས་ཁུངས120ལྷག་གི་འཐུས་མི་ཡུལ་དངོས་སུ་འཛོམས་ནས་ཚོགས་འདུར་ཞུགས་ཡོད།

འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས“གནས་བཞིའི”འཕེལ་རྒྱས་ཀྱི་གཡུར་ཟའི་འབྲས་བུ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་ཤིང་། མཐོ་སྒང་ལྗང་མདོག་ཐོན་ལས་ཀྱིས་གོ་ལ་ཧྲིལ་བོའི་ཁྲོམ་རར་སྦྲེལ་མཐུད་བྱེད་པའི་ཆུ་ཚད་མཐོ་བའི་མཉམ་ལས་སྟེགས་བུ་བཙུགས། འོས་སྦྱོར་ཚན་པ་རུ། སྒྲོག་བཤད་མགྲོན་པོས་མཚོ་སྔོན་ལྗང་མདོག་རྩིས་ཤུགས་དང་། ཚྭ་མཚོ་རྫས་འགྱུར་བཟོ་ལས། དག་གཙང་ནུས་ཁུངས་དང་ནུས་གསོག་ཐོན་ལས། མཐོ་སྒང་ཁྱད་ལྡན་ཞིང་ལས། གནད་ཆེའི་ཉོ་ཚོང་དངུལ་གཏོང་ལས་གཞི་དང་མཚོ་སྔོན་ཁྱིམ་སྟོན་ཁྱད་ལྡན་སྤུས་རྟགས་བཅས་ལ་དམིགས་ནས་རིམ་པ་བཞིན་དུ་མཚམས་སྦྱོར་བྱས་ཤིང་། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་ཐུན་མིན་གྱི་ས་ཁོངས་ཆ་རྐྱེན་དང་། ཐོན་ཁུངས་གསོག་འཇོག  ཐོན་ལས་རྨང་གཞི་དང་ཁྱད་ལྡན་ཐོན་རྫས་ནུས་སྤྲོད་གསལ་བརྗོད་བྱས་པ་དང་། མཚོ་སྔོན་གྱིས་རང་འགུལ་སྒོས་ཕྱི་ཕྱོགས་སྒོ་འབྱེད་དང་། གོ་ལ་ཧྲིལ་བོའི་ཁྲོམ་རར་མཉམ་སྦྲེལ། ཕྱོགས་སོ་སོར་ལག་གདང་སྦྲེལ་ནས་ཐོན་ལས་མུ་ཕྲེང་གི་མཐུན་སྦྱོར་འཕེལ་རྒྱས་མ་ལག་ཐུན་མོང་འཛུགས་སྐྲུན་བྱེད་པའི་མཉམ་ལས་ཀྱི་ལྷག་བསམ་བརྒྱུད་སྤྲོད་གང་ལེགས་བྱས།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཐོན་ཁུངས་དགེ་མཚན་ལ་རྐང་ཚུགས་ནས། ཐོན་ལས“གནས་བཞིའི”འཛུགས་སྐྲུན་དེ་སྤྱིའི་དམ་འཛིན་དུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་སྐྱོད་དང་། ལྗང་མདོག་ཐོན་ལས་གཙོ་ཁྲིད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་ཐོག་བསྐྱོད་བཞིན་ཡོད། ཚྭ་མཚོ་འཐབ་ཇུས་ཐོན་ཁུངས་དང་། སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གསར་བ་དང་། མཐོ་སྒང་སྐྱེ་ལྡན་ཞིང་ཕྱུགས། ལྗང་མདོག་རྩིས་ཤུགས། འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་སོགས་མཚོ་སྔོན་གྱི་དཔར་ཐབས་མེད་པའི་སྲོག་ཤིང་འགྲན་རྩོད་ཀྱི་དགེ་མཚན་གྲུབ་ཏུ་བཅུག་ཡོད། ཚོགས་ཞུགས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་འཐུས་མིས་བཤད་རྒྱུར། འོས་སྦྱོར་ཚོགས་འདུས་མཚོ་སྔོན་གྱི་ཕུལ་བྱུང་ལྗང་མདོག་ཐོན་ལས་དང་གོ་ལ་ཧྲིལ་བོའི་མཁོ་སྤྲོད་མུ་ཕྲེང་གི་སྦྲེལ་མཐུད་རྒྱུ་ལམ་བཏོད་པ་དང་། མཚོ་སྔོན་ལྗང་གློག་དང་ཚྭ་མཚོ་རྒྱུ་ཆ་གསར་བ། ལྗང་མདོག་རྩིས་ཤུགས་སོགས་དཀོན་ཆད་རང་བཞིན་འབུར་དུ་ཐོན་ཡོད་ལ། གོ་ལ་ཧྲིལ་བོའི་ཐཱན་སྙོམ་འཕེལ་རྒྱས་ཁ་ཕྱོགས་དང་མཐུན་ལ། ཁྲོམ་རའི་བར་སྟོང་ཆེན་མོ་འཛོམས་ཡོད་པས། མ་འོངས་པར་ཚན་སྐོར་བསྒྲིག་སྟེ་མཚོ་སྔོན་དུ་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། མཁོ་སྤྲོད་མུ་ཕྲེང་དུས་ཡུན་རིང་པོར་མཉམ་ལས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

བྱེད་སྒོའི་ཡུལ་དངོས་ནས་གཅིག་བསྡུས་སྒོས་གན་རྒྱ་བཞག་ཅིང་། ཞིང་ཆེན་ཕྱི་ནང་གི་ཚན་སྐོར་མང་པོའི་ཁྲོམ་རའི་བྱེད་པོས་ཡུལ་དངོས་ནས་ཉོ་སྒྲུབ་དང་། ཉོ་ཚོང་རིགས་ཀྱི་མཉམ་ལས་གྲོས་ཡིག་གི་གན་རྒྱ་བཞག་སྟེ། ཐོན་ལས་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་རབ་དང་རིམ་པ་གྲུབ། འོས་སྦྱོར་ཚོགས་འདུའི་མཇུག་མཐར། མཚོ་སྔོན་ཞིང་ཆེན་ཉོ་ཚོང་སྐུལ་སྤེལ་ཚོགས་འདུས་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་རྣམས་ད་ལོའི་ཟླ8པར་བསྡུ་བའི་ཕྱི་དངུལ་ཁེ་ལས་མཚོ་སྔོན་དུ་བསྐྱོད་པའི་བྱེད་སྒོར་གདན་ཞུ་ཞུས། རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་དེས་སྲིད་གཞུང་དང་ཁེ་ལས་ངོ་འཕྲད་ཚོགས་འདུ་དང་། ཐོན་ལས་མུ་ཕྲེང་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ། གནད་ཆེའི་ཐོན་ལས་ཁེ་ལས་ལ་ཡུལ་དངོས་རྟོག་ཞིབ་བྱེད་པ་སོགས་ཕྲེང་བསྟར་ཆེད་གཏོགས་བྱེད་སྒོ་རྩ་འཛུགས་བྱ་རྒྱུ་ཡིན་ཞིང་། ཕྱོགས་ཡོངས་ནས་མ་དངུལ་གཏོང་མཁན་གྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། ལས་གཞི་ལག་བསྟར་བྱེད་པ། འཕེལ་རྒྱས་གང་ལེགས་གཏོང་བའི་འབྲེལ་འདྲིས་མཉམ་ལས་ཀྱི་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།