
ཟླ6པའི་ཚེས23ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་པེ་ཅིང་དུ་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གདན་ཞུ་ལྟར་ཚོགས་འདུར་ཞུགས་པ་མ་ཟད་སྙན་ཞུ་ཕུལ།
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་ཚེས23ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་འགོ་བརྩམས། ཚོགས་ཐོག་ཏུ“སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གདན་ཞུ་ལྟར་ཚོགས་འདུར་ཞུགས་པ་མ་ཟད་སྙན་ཞུ་ཕུལ།
ཝང་ཧུའུ་ཉིང་གིས་འགོ་འཛིན་མཛད་དེ་གསུང་བཤད་གནང་སྐབས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན་ཡོད། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་གུང་ཀྲུང་དབྱང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་གཙིགས་སུ་བཟུང་ནས། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་བློ་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན།
ཏིང་ཞུའེ་ཞང་གིས་སྙན་ཞུའི་ནང་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཏུ་བསྒྱུར། འཐབ་ལམ་གསར་བའི་སྟེང་ངེས་པར་དུ་འཕེལ་རྒྱས་ཀྱི་ལས་འགན་དང་པོ་འདི་སྟངས་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་གཏོད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་རྒྱུན་ཆད་མེད་པར་གཏོད་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འཚོ་བའི་སྤུས་ཚད་ལ་བསྒྱུར་དགོས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་དེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ལེགས་པོ་མངོན་འགྱུར་བྱེད་དགོས་ཞེས་བསྟན།
འགོ་རྩོམ་ཚོགས་འདུ་ལས་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས“སློབ་གསོའི་ཚན་རྩལ་འཇོན་མི་འཕེལ་རྒྱས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་དང་ཚན་རིག་ལྟེ་གནས། འཇོན་མིའི་ལྟེ་གནས”བཅས་འཛུགས་སྐྲུན་བྱེད་པ་དང་། “ཤར་ནུབ་རྒྱུད་ཀྱི་ཐོན་ལས་རོགས་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ།” “ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་སྤུས་ཚད་མཐོ་བ་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ།” “ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པ།” “ཞིན་ཅང་ལ་རིག་གནས་ཀྱི་འཚོ་བཅུད་སྦྱིན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་རམ་འདེགས་བྱེད་པ”སོགས་ཀྱི་རྟོག་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་ཐད་ནས་གསལ་བཤད་དང་སྙན་ཞུ་ཕུལ།