མཚོ་སྔོན་གྱིས་ཚོགས་པ་རྩ་འཛུགས་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་མཁོ་འདོན་མུ་ཕྲེང་སྐུལ་སྤེལ་དངོས་མང་འགྲེམ་ཚོགས་སྐབས་བཞི་པར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས22ཉིན།  ཀྲུང་གོ་རྒྱལ་སྤྱིའི་མཁོ་འདོན་མུ་ཕྲེང་སྐུལ་སྤེལ་དངོས་མང་འགྲེམ་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས་པ་དང་།   འཛམ་གླིང་སྦྲེལ་མཐུད་བྱས་ཏེ་མ་འོངས་མཉམ་དུ་བཏོད་ཅེས་པའི་འགྲེམ་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས།   མཚོ་སྔོན་འཐུས་ཚབ་ཚོགས་པས་ཐོན་ལས་གནས་བཞི་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། འགྲེམ་ཚོགས་ཀྱི་ཡུལ་དངོས་སུ་མཐོ་སྒང་གི་དག་གཙང་ནུས་ཁུངས་དང་མཐོ་སྒང་གི་ལྷད་མེད་ཞིང་ལས།   མཐོ་སྒང་གི་ཁམས་གསོ་འཚོ་བ་བཅས་བརྗོད་དོན་ཆེན་པོ་གསུམ་གྱི་འགྲེམ་སྟོན་ཁང་ཐོག་མར་བཙུགས་པ་དང་།   འགྲེམ་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་བརྒྱ་ཡོད་ལ།   ཁྱད་ལྡན་ཐོན་རྫས་སྣ་ཚོགས་རིགས་ཉིས་བརྒྱ་ལྷག་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས།

ཐེངས་འདིར་མཚོ་སྔོན་གྱིས་ཚོགས་པ་རྩ་འཛུགས་བྱས་ཏེ་འགྲེམ་ཚོགས་ལ་ཞུགས་པ་ནི་མཁོ་འདོན་མུ་ཕྲེང་སྐུལ་སྤེལ་དངོས་མང་འགྲེམ་ཚོགས་ཀྱི་རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་སྒོ་འབྱེད་སྟེགས་བུར་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཉོ་སྒྲུབ་ཚོང་བ་དང་ཐོན་ལས་མུ་ཕྲེང་གི་སྣེ་ཁྲིད་ཁེ་ལས། ཉོ་ཚོང་འཁོར་རྒྱུག་སྟེགས་བུ་བཅས་དང་སྦྲེལ་མཐུད་བྱས་ཏེ་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་ཐོན་ལས་མུ་ཕྲེང་གཙོ་བོའི་སྤུས་ལེགས་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ་དང་།  མཐོ་སྒང་གི་ཐོན་རྫས་ལེགས་པོའི་ཕྱིར་འཚོང་ཐབས་ལམ་རྒྱུན་མཐུད་ངང་རྒྱ་བསྐྱེད་དེ་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་རྒྱལ་ཁབ་ཕྱི་ནང་གཉིས་སུ་འཁོར་རྒྱུག་ཐུབ་པའི་ཚོང་ལམ་གསར་པ་ཞིག་བཏོད།

མཐོ་སྒང་གི་དག་གཙང་ནུས་ཁུངས་འགྲེམ་ཁུལ་དུ་འོད་བརྟེན་ཐོན་ལས་མུ་ཕྲེང་གི་ཐོན་རྫས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་ཡོད་པར་མ་ཟད།  བྱེ་གཞོང་དང་པར་རིས།   བརྙན་ལམ།    ཡུལ་དངོས་འགྲེལ་བཤད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཚྭ་མཚོའི་ལིས་གློག་གསོག་ནུས་དང་འོད་བརྟེན།   ཆུ་གློག་ཐོན་ཁུངས་སྙོམ་སྒྲིག    མཐོ་སྒང་གི་ཁྱད་ལྡན་རླུང་གློག  ལྗང་མདོག་རྩིས་གློག་མཐུན་སྦྱོར་མུ་ཕྲེང་ཡོངས་ཀྱི་ལག་རྩལ་དང་སྒྲིག་ཆས་ཆ་ཚང་ཕྱོགས་ཡོངས་ནས་དྲིལ་སྒྲོག་ངོ་སྤྲོད་བྱས་པ་དང་། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞི་དང་ནུས་ཁུངས་གསར་པའི་ཐོན་ལས་མུ་ཕྲེང་གི་ཚོང་འགུག་མཉམ་ལས་བྱེད་སྟངས་འོས་སྦྱོར་བྱས་ཏེ་ནུས་ཁུངས་ཐད་ཀྱི་ཀྲུང་དབྱང་ཁེ་ལས་དང་ཕྱི་རྒྱལ་གྱི་ཐཱན་ཉུང་ཞབས་ཞུའི་ཚོང་བ་གདན་ཞུ་ཞུས་ཏེ་འགྲེམ་སྟོན་ལ་ལྟ་རུ་བཅུག་པ་དང་གྲོས་མོལ་བྱས་ནས་མཚོ་སྔོན་གྱིས་རྒྱལ་ཡོངས་ཐཱན་གཉིས་དམིགས་འབེན་ལ་འདེགས་སྐྱོར་བྱེད་པའི་ཐོན་ལས་གདིང་ཤུགས་གང་ལེགས་སྒོས་མངོན་པར་བྱས་ཡོད།  

མཐོ་སྒང་གི་ལྷད་མེད་ཞིང་ལས་འགྲེམ་ཁུལ་དུ་མཐོ་སྒང་གི་སྐྱེ་ཁམས་སྐྱེ་ལྡན་མིང་བྱང་གཙོར་བཟུང་ནས་འཁྱགས་ཆུའི་ཉ་དང་གྲང་བསིལ་སྔོ་ཚལ་དང་ནོར་གནག   བོད་ལུག་སོགས་ཀྱིས་མཚོན་པའི་མཚོ་སྔོན་གྱི་ཐོན་རྫས་ལེགས་པོའི་ཐོན་ལས་མུ་ཕྲེང་གཅིག་བསྡུས་སྒོས་འགྲེམ་འཚོང་བྱས་པར་མ་ཟད།    མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚལ་རིགས་དང་བཟའ་བཏུང་གི་རྣམ་པར་བརྟེན་ནས“མཚོ་སྔོན་གྱི་ཁྱིམ་ཚང་གི་གསོལ་སྟོན”རྣམ་པ་མངོན་པར་བྱས་ལ།   དེ་དང་ཆབས་ཅིག  བརྙན་རིས་བརྒྱུད་དེ་ཚད་ལྡན་ཅན་གྱི་འདེབས་གསོ་དང་ཞིབ་ཚགས་ལས་སྣོན།   སྤུས་ཚད་ཁུངས་འདེད་བཅས་ཀྱི་ཐོན་ལས་མུ་ཕྲེང་ཡོངས་ཀྱི་མ་ལག་འགྲེམ་སྟོན་བྱས། ཡུལ་དངོས་སུ་ཟས་རིགས་མྱོང་རོལ་བྱེད་ས་དང་ཐོན་ཡུལ་ཐད་གཏོང་ཆེད་དོན་ཁུལ་བཀོད་སྒྲིག་བྱས་ཏེ། མཚོ་འཕགས་མཐོ་ཞིང་འབག་བཙོག་མེད་པའི་ཐོན་ཡུལ་གྱི་དགེ་མཚན་ཐད་ཀར་མངོན་པར་བྱས་པ་དང་།   ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གིས་ཉོ་སྒྲུབ་དང་།    རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་བས་ཡུལ་དངོས་ནས་ཚོང་ཟོག་མཁོ་འདོན་མངག་ཐོར་སྦྲེལ་མཐུད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་རྫས་གཙང་བོའི་འབྱུང་ཡུལ་ནས་རྒྱལ་ཁབ་ཕྱི་ནང་གི་ཟས་ཅོག་སྟེང་མངོན་ཐུབ་པར་སྐུལ་འདེད་བཏང་།

མཐོ་སྒང་གི་ཁམས་གསོ་འཚོ་བའི་འགྲེམ་ཁུལ་གྱིས་ཀྲུང་བོད་ལུགས་སྨན་རྫས་དང་ཁམས་གསོའི་སྤུས་ལེགས་ཐོན་རྫས་ཀྱི་ཐོན་ལས་མུ་ཕྲེང་མཉམ་འདྲེས་བྱས་ཏེ། བོད་སྨན་སྡེབ་སྦྱོར་དང་མཐོ་སྒང་གི་ཁམས་གསོ་ཐོན་རྫས།  སྐྱེ་ཁམས་ཁམས་གསོའི་བདེ་སྲུང་ཐོན་རྫས་སོགས་ཁམས་གསོ་ཞབས་ཞུ་དང་ཐོན་རྫས་འགྲེམ་སྟོན་བྱས་པ་དང་།   རྒྱལ་ཁབ་ཕྱི་ནང་གི་བདེ་ཐང་ཐོན་ལས་སྡེ་ཚོགས་དང་ཁམས་གསོའི་མུ་འབྲེལ་ལས་ཁུངས་ལ་ཕྱོགས་ནས་མཚོ་སྔོན་གྱི་ཁམས་གསོའི་ཐོན་ཁུངས་དང་ཐོན་རྫས། སྨན་གསོ་མཉམ་འདྲེས་ལས་གཞི་བཅས་འོས་སྦྱོར་བྱས་ཤིང་།   མཐོ་སྒང་གི་སྐྱེ་ཁམས་ཁམས་གསོའི་དཔལ་འབྱོར་བག་ཤུགས་སྔོན་འདོན་བྱས་ཏེ། ཁྱད་ལྡན་ཁམས་གསོའི་ཐོན་རྫས་ཕྱིར་འཚོང་དང་ཐོན་ལས་དངུལ་གཏོང་གི་ཐབས་ལམ་རྒྱ་བསྐྱེད།

འགྲེམ་ཚོགས་ཀྱི་ཉིན་དང་པོར།   མཚོ་སྔོན་འགྲེམ་ཁུལ་དུ་ཆེད་ལས་ཚོང་བ་མི་ཉུང་བ་ཞིག་ཡོང་ནས་འགྲེམ་སྟོན་ལ་བལྟས་ཤིང་ཐོན་རྫས་ལ་རོལ་མྱོང་བྱས་པར་མ་ཟད།  བསམ་བློ་བརྗེ་རེས་དང་གྲོས་མོལ་མཉམ་ལས་བྱས།   ཞིང་ཆེན་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་རང་འགུལ་སྒོས་རྒྱལ་ཡོངས་ཉོ་ཚོང་སྐུལ་སྤེལ་མ་ལག་དང་རྒྱལ་ཁབ་ཕྱི་ནང་གི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས།  མཁོ་འདོན་མུ་ཕྲེང་སྐུལ་སྤེལ་དངོས་མང་འགྲེམ་ཚོགས་ཀྱི་ཚོང་འགུག་ཚན་ཆུང་དང་སྦྲེལ་མཐུད་བྱས་ཏེ།   ཞིང་ཆེན་ནང་ཁུལ་གྱི་འགྲེམ་ཚོགས་ལ་ཞུགས་པའི་ཁེ་ལས་རྩ་འཛུགས་བྱས་ནས་མཁོ་སྤྲོད་སྦྲེལ་མཐུད་ཚོང་གཏམ་ཚོགས་འདུ་བསྡུས་པ་དང་།    འགྲེམ་སྟོན་ཉམས་ལེན་དང་ཡུལ་དངོས་སྦྲེལ་མཐུད།   གྲོས་མོལ་མཉམ་ལས་བཅས་གཞི་གཅིག་ཅན་གྱི་མཉམ་ལམ་རྣམ་པ་བསྐྲུན།   རྒྱལ་ཁབ་ཕྱི་ནང་གི་ཚོང་བ་མང་པོས་ཐོན་རྫས་ཀྱི་ལས་ཚབ་དང་ཡུན་རིང་གཅིག་བསྡུས་ཉོ་སྒྲུབ།  ལག་རྩལ་མཉམ་ལས་སོགས་ཁྱབ་ཁོངས་སུ་སྦྲེལ་མཐུད་གྲོལ་མོལ་གཏིང་ཟབ་བྱས་པ་དང་།   ཁེ་ལས་ཁ་ཤས་ཀྱིས་ཡུལ་དངོས་སུ་ཉོ་སྒྲུབ་གྲོས་ཡིག་དང་ཐོན་ལས་མཉམ་ལས་ཀྱི་འཐབ་ཇུས་གྲོས་ཡིག་བཀོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།