མཚོ་སྔོན་གྱིས་སྨན་རྫས་བདེ་འཇགས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྨན་རྫས་བདེ་འཇགས་ཀྱི་འཕྲལ་སྡོམ་འགན་སྲུང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཐོལ་བྱུང་སྨན་རྫས་ཀྱི་བདེ་འཇགས་དོན་རྐྱེན་ཐག་གཅོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད།  ཟླ6པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས2026ལོའི་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་གྲབས་སྦྱོང་བྱས། དེ་ནི་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བདེ་འཇགས་འཕྲལ་སྡོམ་གྲབས་སྦྱོང་ལྟེ་གནས་ཀྱིས་ལག་རྩལ་རྒྱབ་སྐྱོར་དང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པར་ཡོང་བ་དང་ཆབས་ཅིག་ས་གནས་མང་པོའི་ལས་རིགས་ནང་ཁུལ་གྱི་འཕྲལ་སྡོམ་དོ་དམ་ཆེད་མཁས་པ་གདན་དྲངས་ནས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་བརྗོད་བྱས།

ཐེངས་འདིའི་གྲབས་སྦྱོང་དེ་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས(རིམས་འགོག་སྨན་ཁབ)བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལ་གཞི་ཚུགས་ཏེ། གཏན་འཇགས་ཀྱི་འཁྲབ་གཞུང་དང་སྔོན་བཀོད་བརྒྱུད་རིམ་དོར་ནས་བརྒྱུད་རིམ་ཧྲིལ་པོར་དངོས་འཐབ་ཅན་གྱི་རྩ་དོན་གཞིར་བཟུང་སྤེལ་རྒྱུ་ཡིན་ཞིང་།  དངོས་བཅར་བཀོད་སྒྲིག་བརྒྱུད་ཐོལ་བྱུང་ངེས་མེད་ཀྱི་ཡུལ་རྣམ་སྣ་ཚོགས་བཅོས་ནས་སྨན་རྫས་ཐོན་སྐྱེད་དང་འཁོར་རྒྱུག་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་ཇི་མ་ཇི་བཞིན་སླར་གསོ་ཐུབ་པ། དོན་རྐྱེན་གོང་ཞུ་དང་། འཕྲལ་སྡོམ་དང་ལེན།  ཡུལ་དངོས་སུ་ཞིབ་དཔྱད།  འཕྲལ་སྡོམ་ཞིབ་བཤེར།  གླེང་ཕྱོགས་ཁྲིད་སྟོན། གསར་འགྱུར་ཡོངས་བསྒྲགས་སོགས་བརྒྱུད་རིམ་ཧྲིལ་པོའི་འགག་རྩའི་ཐག་གཅོད་སྡེ་ཚན་ལ་ཁྱབ་ཡོད།

གྲབས་སྦྱོང་ཐོག་མར་སྨན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་ཁེ་ལས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་ཁྲིམས་འགལ་ངང་སྨན་རྫུན་མ་སྦྱོར་རྟ་བྱས་པ་ལས་ཐོན་པའི་ཐོལ་བྱུང་བདེ་འཇགས་དོན་རྐྱེན་ལ་ཆེད་མངགས་ལད་མོ་བྱས། གྲབས་སྦྱོང་ནང་ཞུགས་མཁན་གྱིས་བརྒྱུད་རིམ་ཧྲིལ་པོར་ཞིབ་འཇུག་བརྡར་གཅོད་དང་སྐབས་བསྟུན་ཐག་གཅོད་བྱས་ཏེ་འཕྲལ་སྡོམ་དང་ལེན་རིམ་སྤོར་དང་། ཡུལ་དངོས་སུ་ཞིབ་བཤེར་དཔེ་ལེན།  ཞིབ་བཤེར་ཚོད་འཛིན།  མང་ཚོགས་ལམ་སྟོན།  གླེང་ཕྱོགས་ལྟ་ཞིབ་ཚད་ལེན།  དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་ལེགས་པོ་སྒྲུབ་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་བཀག་སྡོམ་བརྒྱུད་རིམ་འཐུས་ཚང་བཏང་།

གྲབས་སྦྱོང་མཇུག་འགྲིལ་རྗེས་ལས་རིགས་ནང་ཁུལ་གྱི་ཆེད་མཁས་པས་ཡུལ་དངོས་ཀྱི་ཐག་གཅོད་ཞིབ་ཕྲ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་པ་དང་། ཞན་ཆ་དང་མི་འདང་སར་དམིགས་ནས་ལེགས་སྒྱུར་ལེགས་གཏོང་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། ཐེངས་འདིའི་དངོས་འཐབ་གྲབས་སྦྱོང་ནང་ཞིང་ཆེན་ཡོངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་འབྲེལ་ཐག་ཧྲིལ་པོའི་འཕྲལ་སྡོམ་ཐག་གཅོད་ནུས་པར་བརྒྱུད་རིམ་ལྡན་པའི་ངང་སྦྱོང་བརྡར་བྱས་པ་དང་། ས་གནས་དེའི་འཕྲལ་སྡོམ་སྔོན་ཇུས་ཀྱི་ཉེར་སྤྱོད་རང་བཞིན་དང་ཚན་རིག་རང་བཞིན་ལ་ཞིབ་བཤེར་ནུས་ལྡན་བྱས་ཏེ།  ལས་ཁུངས་ཀྱི་མཐུན་སྦྱོར་དང་། ཞིང་ཆེན་དང་གྲོང་ཁྱེར།  རྫོང་བཅས་རིམ་གསུམ་མཉམ་འགུལ་གྱི་འཕྲལ་སྡོམ་བྱ་བའི་ལམ་སྲོལ་སྔར་བས་མཐུན་སྦྱོར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།