མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་འཁོར་འབྲེལ་གྱི་མཐོ་རིམ་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེར་གཏོང་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམས་ནས་ལག་བསྟར་བྱས་ཡོད་ཅིང་། གཙོ་བོ་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་དང་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་དགོས་མཁོར་ལྟ་རྟོག་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ། ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏང་རྒྱུ་རེད།
《ལག་བསྟར་བསམ་འཆར》ནང་རྒྱལ་ཁབ་ཀྱི་སྲིད་ཇུས་བླང་བྱར་དམ་པོར་འབྲེལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ནས་ཕྱོགས་བཞིའི་ཐད་ཀྱི་བྱེད་ཐབས་གཙོ་བོ21བཏོན་ཡོད། སྤྱིའི་བླང་བྱའི་ནང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2500ལྷག་ཙམ་ཟིན་པ་དང་། ཞབས་ཞུའི་ལས་རིགས་ཀྱིསGDPནང་བསྡུར་ཚད50%ཡན་ཟིན་པའི་གྲངས་འབོར་དེ་གཏན་འཁེལ་གྱི་དམིགས་ཚད་དུ་བསླེབ་དགོས་པའི་བླང་བྱ་བཏོན་ཡོད། ལས་འགན་གཙོ་བོའི་ནང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་མཁོ་སྤྲོད་སྤུས་ཚད་ཇེ་མཐོར་གཏོང་བ། ཐོན་ལས་མཉམ་འདྲེས་ཅན་གྱི་གྲངས་རིག་ཅན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཁེ་ལས་ཇེ་ལེགས་ནས་སྟོབས་ཆེར་གཏོང་རྒྱུར་རོགས་སྐྱོར་བྱེད་པ་སོགས་ཕྱོགས4ཡི་བྱེད་ཐབས་ཁག17ཚུད་ཡོད། འགན་སྲུང་བྱེད་ཐབས4ནི་ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་བཅོས་སྒྱུར་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ་དགོས་བཅས་རེད།
《ལག་བསྟར་བསམ་འཆར》ནང་རང་ཞིང་གི་ཐོན་ཁུངས་ལེགས་ཆ་དང་། ཐོན་ལས་གྲུབ་ཆའི་ཁྱད་ཆོས། འཛད་སྤྱོད་མཁོ་སྤྲོད་ཀྱི་དགོས་མཁོ་བཅས་ལ་གཞི་ཚུགས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིབ་ཕྲའི་བྱེད་ཐབས་ཁག་ཅིག་བཏོན་ཡོད། མཚོ་སྔོན་ཞིང་ཆེན་དུ་མིག་སྔར་གནས་པའི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་མི་འདང་བར་དམིགས་ནས་དངུལ་རྩ་དང་། ཚན་རྩལ། ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་འགན་གཙོ་བོ་བཏོན་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་མི་འདང་བར་དམིགས་ཏེ་རིག་གནས་ཡུལ་སྐོར་དང་། རྒན་གསོ། མངགས་གསོ་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་འགན་གཙོ་བོ་བཏོན། ཐོན་ལས་མཉམ་འདྲེས་ཅན་དང་གྲངས་རིག་ཅན་གྱི་འཕེལ་རྒྱས་ཐབས་ལམ་ཁ་གསལ་བཟོས་པ་བཅས་རེད། གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བྱ་རྒྱུ་དེ་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་ཁེ་ལས་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ་དང་། མཚོ་སྔོན་གྱི་ཞབས་ཞུའི་ཁྱད་ལྡན་སྤུས་རྟགས་གཏོད་པ་སོགས་ཀྱི་ལས་འགན་གཙོ་བོ་བཏོན་ཏེ་གཞི་ཁྱོན་ཆེ་བ་དང་། སྟོབས་ཆེ་གསར་གཏོད། སྦྲེལ་ཐག་གཙོ་བོ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཁག་ཅིག་འགྲུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཧྲང་ཧའེ་སོགས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བྱུང་བའི་ཉམས་མྱོང་གནད་འཁེལ་ལ་སློབ་སྦྱོང་གང་ལེགས་བྱས་ཏེ་ནོར་སྲིད་མ་དངུལ་གྱིས་ཁྲིད་སྟོན་དང་། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་རིགས་བཅོས་སྒྱུར་རྒྱ་བསྐྱེད། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ཡོད། ལས་རིགས་འཕེལ་རྒྱས་ཀྱི་བར་ཐག་ལ་དམིགས་ནས་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཕུད་པའི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩ། ས་ཁང་བདག་ཁོངས། ཆ་འཕྲིན་ལག་རྩལ། བོགས་གཏོང་ཚོང་དོན། ཚན་རིག་ལག་རྩལ། གྲོང་མིའི་ཉམས་གསོ། རིག་གནས་ལུས་རྩལ་རོལ་རྩེད་བཅས་གཙོ་གནད་ལས་རིགས10ལ་ཆེད་དོན་བྱ་སྤྱོད་ཇུས་གཞི་བཟོས་ནས་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེར་གཏོང་དང་སྤུས་ཚད་མཐོར་གཏོང་གི“1+10”སྲིད་ཇུས་རྒྱབ་སྐྱོར་མ་ལག་བརྒྱུད་རིམ་ལྡན་པའི་ངང་བསྐྲུན་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན 《ལག་བསྟར་བསམ་འཆར》བཏོན་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དེ་རྒྱ་སྐྱེད་ཕན་འཕར་དང་རིམ་སྤོར་གྱི་དུས་མཚམས་གསར་པར་སླེབས་པ་མཚོན། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གོ་སྐབས་སུ་བཟུང་སྟེ་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་དང་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་དང《ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་གཏོད་རྒྱུ་རེད།