ཟླ6པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་སྲོལ་ཡིག》གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཁྲིམས་བསྟར་ཞིབ་བཤེར་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན་ནས། ཁྲིམས་བསྟར་ཞིབ་བཤེར་བྱ་བ་བཀོད་སྒྲིག་བྱས།
ཞིབ་བཤེར་ཚན་ཆུང་གིས་ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཐོག་མར་བསམ་བློའི་ཐད་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཞིང་གསུམ་བྱ་བ་དང་གྲོང་གསེབ་དར་སྤེལ་ཐབས་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ནན་མོ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་གང་ལེགས་བྱེད་པ་དང་། ཁྲིམས་ལུགས་ཁྲིམས་སྲོལ་དོན་ཚན་གྱི་ཞིབ་ཕྲའི་ནང་དོན་སློབ་སྦྱོང་ལེགས་པོ་བཅས་བྱས་ཏེ། ངེས་པར་དུ་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པར་བྱས་ནས། བྱ་བའི་རྨང་གཞི་བརྟན་པོར་འདིང་དགོས་པའི་བླང་བྱ་བཏོན།
ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་མཐུན་རྩ་དོན་བརྩི་སྲུང་བྱེད་པ་དང་། ཞིབ་བཤེར་རྩ་འཛུགས་ནན་མོ་བྱེད་དགོས། བཅའ་ཁྲིམས་ལས་འགན་ལྟར། ཁྲིམས་བཅད་ཁྱབ་ཁོངས་ཚོད་འཛིན་བྱེད་པ་དང་། ཁྲིམས་བཅད་ལས་རིམ་བརྩི་སྲུང་བྱས་ཏེ། བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་བྱས་པ་གནད་འཁེལ་ཡིན་མིན་དང་བཅའ་ཁྲིམས་ལས་འགན་ལག་བསྟར་བྱས་མིན། བཅའ་ཁྲིམས་འགན་འཁྲི་དོན་འཁྱོལ་བྱས་མིན། ཁྲིམས་བསྟར་ལས་ཆོད་མངོན་གསལ་ཡིན་མིན། སྡེབ་སྒྲིག་ལམ་ལུགས་ཀྱི་ཚན་གཞི་གཏན་འབེབས་བྱས་མིན་དང་འཐུས་ཚང་ཡིན་མིན་སོགས་ཀྱི་གཙོ་གནད་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། དངོས་ཡོད་གཞི་གྲངས་གཙོ་བོར་འཛིན་པར་དོ་སྣང་། བཅའ་ཁྲིམས་ལག་བསྟར་བརྒྱུད་རིམ་ཁྲོད་ཀྱི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དང་གནད་དོན་གཙོ་བོ་ཡང་དག་ངང་འཚོལ་བ། ཕྱོགས་ཡོངས་ནས་དངོས་ཡོད་གནས་ཚུལ་ཕྱིར་ལྡོག་བྱེད་པ་དང་བྱ་བའི་ཁྲོད་ཀྱི་བར་ཁྱད་དང་མི་འདང་ས་གསལ་བོར་སྟོན་པར་མ་ཟད། དངོས་གཉེར་སྤྱོད་ཆོག་གི་བསམ་འཆར་དང་གྲོས་གཞི་འདོན་དགོས། དངོས་གཉེར་སྤྱོད་ཚུལ་རྒྱུན་འཁྱོངས་དང་། གཞི་རིམ་དང་མང་ཚོགས། ལས་ཡུལ་དང་པོ་བཅས་སུ་བསྐྱོད་དེ། ཕྱི་ཚུལ་རིང་ལུགས་དང་རྣམ་པ་ཙམ་མ་ཡིན་པར། གནད་དོན་ལ་དམིགས་པ་དང་འབྱུང་ཁུངས་གསལ་འདོན་བྱས་ནས། ཐོག་མའི་རྒྱུ་ཆར་རྒྱུས་ལོན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བརྩི་སྲུང་ནན་མོ་བྱེད་་པ་དང་། ཁྲིམས་བཅད་དབང་ཚད་དང་ལས་རིམ་ལྟར། སྤྱོད་གཙང་རང་གཅུན་དང་ཁུར་པོ་ཡང་ལ་ཞབས་ཞུ་ཉུང་བར་བྱས་ཏེ། སྒྲིག་ལམ་ནན་མོ་དང་སྤྱོད་ཚུལ་དངོས་ཀྱིས་ཁྲིམས་བསྟར་ཞིབ་བཤེར་གྱི་གྲུབ་འབྲས་ལ་འགན་སྲུང་བྱེད་དགོས།