ཉེ་ལམ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པར་མ་ཟད། ཟླ་དང་པོ་ནས་ལྔ་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་་དང་ཞིབ་འཇུག་བྱས་ལ། བདེ་འཇགས་ཐོན་སྐྱེད་དང་སློབ་སྦྱོང་སློབ་གསོ་སོགས་བྱ་བར་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་རིས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་མུ་ཕྲེང་ཇེ་དམ་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་ནན་མོ་གཏོང་བ། གནད་དོན་ཐད་ཀྱི་མངོན་མེད་རྐྱེན་ངན་དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་ནན་མོ་བྱེད་པ། ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་ལེགས་བཅོས་ཤུགས་ཚད་ཆེ་རུ་གཏོང་བ། གཏེར་རིའི་བདེ་འཇགས་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། སྟོབས་ཤུགས་ཡོད་རྒུས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱི་གསུང་བཤད་བླང་བྱ་ལྟར། ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས། ཞོད་འགོག་གྲ་སྒྲིག་དང་ཡོམ་འགོག་རྒུད་སྐྱོབ་སོགས་བྱ་བར་ཤུགས་སྣོན་པ་དང་། རང་བྱུང་གནོད་འཚེ་སྔོན་འགོག་དང་ཁ་གཏད་འཇལ་བའི་ནུས་པ་ཤུགས་ཆེན་པོས་ཇེ་ཆེར་བཏང་སྟེ་བློ་བརྟན་འགྱུར་མེད་སྒོས་བདེ་འཇགས་འཕེལ་རྒྱས་འགོག་ར་བརྟན་པོར་འཛུགས་དགོས།
གྲོས་ཚོགས་ལས་ཉེ་དུས་ཀྱི་ཀྲུང་དབྱང་རིམ་པའི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་གཞི་ཇེ་དམར་མི་གཏོང་བ་དང་ཤུགས་ཚད་ཇེ་ཆུང་དུ་མི་གཏོང་བ། ངར་ཤུགས་ཇེ་ལྷོད་དུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ། གཟབ་ནན་དང་ཏན་ཏིག་སྒོས་སློབ་ཞིབ་བཅོས་གསུམ་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། གནད་དོན་དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་ལེགས་པོ་བྱེད་པ། རྒྱུན་རྣམ་ཡུན་ཕན་སྒོས་དག་ཐེར་ལེགས་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྲིད་གཞུང་བྱ་བའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཟླ6པའི་ཚེས11ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྩིས་བཤེར་དག་བཅོས་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་སྔོན་རྩིས་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ཇེ་དམ་དུ་བཏང་ནས་ནོར་སྲིད་ཀྱི་ཚན་རིག་དོ་དམ་དངོས་འབྲས་ཇེ་བཟང་དུ་གཏོང་དགོས། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་རང་བདག་གསར་གཏོད་ནུས་པ་ཇེ་ཆེར་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབྲེལ་ཡོད་ཆེད་དོན་འཆར་འགོད་དང་སྦྲེལ་མཐུད་བྱས་ནས་ཞིང་ཆེན་རིམ་པའི་ཆེད་དོན་འཆར་འགོད་འབྲེལ་མཐུད་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ཟླ་དང་པོ་ནས་ཟླ་ལྔ་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་ཐོག་ཡར་འཕེལ་འབྱུང་བཞིན་ཡོད་མོད། འོན་ཀྱང་ཕྱི་རོལ་གྱི་གནས་བབ་སྔར་ལས་རྙོག་འཛིང་དང་ཛ་དྲག་ཆེ་ཞིང་། འདོན་མང་མཁོ་ཉུང་ཐད་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། དཔལ་འབྱོར་གཏན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་རུང་སྲ་བརྟན་དུ་གཏོང་དགོས་པས། དམིགས་འབེན་དང་མཁྲེགས་གཏོར་ཇེ་མགྱོགས་སུ་གཏོང་བར་དམིགས་ཏེ་མཁོ་སྤྲོད་དང་སྲིད་ཇུས། ཁྲོམ་ར། གྲོང་ཁྱེར་དང་ཁུལ་བཅས་ཕྱོགས་ལྔ་ནས་ཤུགས་བསྣན་ཏེ་ལོ་སྟོད་དུ་ལས་འགན་ཕྱེད་ཀ་ལས་བརྒལ་བ་ཡོངས་འགྲུབ་བྱེད་དགོས། བཟོ་ལས་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒུལ་ནུས་གསར་པ་གསོ་སྐྱོང་དང་སྟོབས་ཆེར་བཏང་སྟེ་བཟོ་ལས་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ལས་གཞི་འགོ་རྩོམ་པ་དང་དམངས་ཁྲོད་དངུལ་གཏོང་། ཁྱབ་ཁོངས་གཙོ་བོ། ཚོང་འགུག་དངུལ་འདྲེན་སོགས་ཕྱོགས་ནས་གཅིག་བསྡུས་སྒོས་ཤུགས་བཏོན་ཏེ་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་དགོས། རིག་གནས་ཡུལ་སྐོར་གྱི་སྐུལ་ཁྲིད་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁུལ་ཁོངས་ཡོངས་སུ་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་སྤེལ་ནས་བྱེད་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་རྒྱས་སུ་འཇུག་དགོས། བདག་གཉེར་གཙོ་གཞི་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་ཞབས་ཞུའི་ལས་རིགས་ཀྱི་ནུས་བསྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་དགོས། ནོར་སྲིད་དང་དངུལ་རྩའི་མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་སྲིད་ཇུས་ཀྱི་ཕན་འབྲས་དུས་ཐོག་ཏུ་གནད་འཁེལ་དོན་འཁྱོལ་ཐུབ་པར་བྱས་ཏེ་རྒྱུན་ཆད་མེད་པར་དཔལ་འབྱོར་བསྐྱར་འཕར་དང་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ལས་ད་རུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།