ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ལག་ཤེས་བཟོ་ལས་ཀྱི་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་ཟི་ལིང་དུ་མཇུག་སྒྲིལ། ཐོག་མའི་འགྲན་སྡུར་ཁྲོད་གྲུབ་འབྲས་འབུར་ཐོན་བླངས་པའི་ཕུལ་བྱུང་འགྲན་ཞུགས་པ་ཉིས་བརྒྱ་དང་བཅུ་ཡིས་དུས་ཡུན་ཉིན་གསུམ་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་རྩལ་ནུས་འགྲན་པ་དང་རང་སོ་སོའི་འཇོན་ནུས་ངོམས་ནས་ཆེད་ལས་ཀྱི་བྱང་ཚད་མཐོན་པོ་དང་ཕུལ་དུ་བྱུང་བའི་བཀོལ་སྤྱོད་རྩལ་ནུས་ལ་བརྟེན་ཏེ་སྲོལ་རྒྱུན་ལག་རྩལ་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་མངོན་པར་བྱས།
ཐེངས་འདིའི་འགྲན་སྡུར་གྱིས་རྩལ་ནུས་ཀྱི་མདུན་ལམ་གསལ་བར་བྱེད་པ་དང་ལག་ཤེས་སྒྱུ་རྩལ་ལ་བརྟེན་ནས་མཛེས་སྡུག་བསྐྲུན་ཞེས་པ་བརྗོད་དོན་དུ་བྱས་ཡོད་ལ། ཕྱོགས་ཡོངས་དང་ཟུར་ཚད་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། འཚེམ་དྲུབས་དང་འཚེམ་བཟོ། དྲས་གཏུབ། ཐང་ག་སོགས་ལས་རིགས་བརྒྱད་ལ་ཁེབས་པར་བྱས་ཡོད། ཟླ5པའི་ནང་འགྲན་སྡུར་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་བཟོ་པ་ཆིག་སྟོང་བརྒྱ་དང་རེ་བཞི་དང་རང་མོས་ལས་རིགས་པ་སོགས་འགྲན་སྡུར་ཁྲོད་ཞུགས་ཡོད། འགྲན་ཞུགས་པའི་ལོ་ཚད་ནི་ལོ་ཉི་ཤུ་ནས་རེ་ལྔའི་བར་ཡིན་པ་དང་། ལས་རིགས་གཉེར་ཏེ་ལོ་མང་པོ་འགོར་བའི་རྒྱུན་འཛིན་པ་ཡོད་ལ། འཇོན་ནུས་ཆེ་བའི་ལག་ཤེས་གསར་གཏོད་པའང་ཡོད།
མིག་སྔར། ལག་ཤེས་བཟོ་ལས་དེ་རྒྱུན་འཛིན་གསར་གཏོད་དང་སྤུས་འདེགས་རིམ་སྤོར་གྱི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། རིག་གནས་འཛད་སྤྱོད་རིམ་སྤོར་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཟབ་མོ་བྱུང་བ་དང་བསྟུན་ནས། སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་དེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་དང་ཐུན་མོང་ཕྱུག་འགྱུར་ལ་རོགས་འདེགས་བྱེད་པའི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སུ་གྱུར་ཡོད། གྲངས་འཛིན་ཅན་གྱི་ཚུལ་སྒྱུར་དང་ལས་རིགས་བརྒལ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་བབ་གསར་པས་སྲོལ་རྒྱུན་ལག་རྩལ་ལ་དེང་རབས་ཀྱི་གསོན་ཤུགས་གསར་པ་བསྩལ་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་འགོད་ལས་མི་རིགས་ལས་ཤེས་བཟོ་ལས་ཀྱི་ཟོང་རྟགས་གསོ་སྐྱོང་མཐོར་འདེགས་བྱ་སྤྱོད་བཀོད་སྒྲིག་གསལ་བོ་བྱས་ཏེ་མི་རིགས་ལག་ཤེས་བཟོ་རྩལ་དང་ཁྱད་ལྡན་རྒྱན་གོས་ཀྱི་གསར་གཏོད་རིམ་འཇུག་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ལག་ཤེས་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་ཐད་སྲིད་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་བཏོད་ཡོད།
ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལོའུ་ཞན་ཧྭ་ཡིས་བསྟན་དོན། རྗེས་ཕྱོགས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་རྒྱུན་ཆད་མེད་པར་རྩལ་ནུས་འགྲན་སྡུར་དང་ལག་རྩལ་བརྗེ་རེས། ལས་གཏོད་ནུས་སྩོལ་བཅས་ཀྱི་སྟེགས་བུ་བསྐྲུན་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྩལ་ནུས་གསོ་སྦྱོང་དང་འཇོན་མི་གསོ་སྐྱོང་། ཟོང་རྟགས་ཁྱབ་གདལ་སོགས་ཀྱི་ཞབས་ཞུ་སྤེལ་ཏེ་སྟོབས་ཤུགས་ཡོད་རྒུས་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་ལས་ཤེས་བཟོ་ལས་ཀྱི་སྤུས་འདེགས་རིམ་སྤོར་དང་ཚུལ་སྒྱུར་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། ལག་རྩལ་རྙིང་བར་གསོན་ཤུགས་གསར་པ་རྒྱས་པ་དང་ཐོན་ལས་ཆུང་བས་དམངས་འཚོ་ཆེན་པོ་ཐེག་ཐུབ་པ་བཅས་བྱས་ནས་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་དང་ཐུན་མོང་ཕྱུག་འགྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་ཆེན་པོ་བསྩོལ་ངེས་ཡིན་ཞེས་བསྟན།