སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ཟླ་7པའི་ཚེས11ནས་ཚེས18ཉིན་བར་འགྲན་བསྡུར་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགྲན་བསྡུར་དང་འབྲེལ་བ་ཡོད་པའི་ལམ་དུམ་ཚང་མར་ཕྱོགས་ཡོངས་དང་། དྲ་འདྲེན་རྣམ་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་མཐིལ་རྟོགས་བྱས་ནས་ལམ་ངོས་ཀྱི་གནོད་འཚེ་དང་། བདེ་འཇགས་སྔོན་འགོག་གི་མངོན་མེད་རྐྱེན་ངན། ལམ་ཁོངས་ཀྱི་ཞན་ཆ་བཅས་གནད་ལ་འཁེལ་བའི་སྒོ་ནས་གྲལ་བཤེར་བྱས་ཏེ། ལམ་ངོས་ཀྱི་གནོད་འཚེ་བཅོས་སྒྲིག་དང་ལམ་རྒྱུད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་བར་དམིགས་ཏེ་ཕྱོགས་ནས་སྐུལ་འདེད་གཏོང་རྒྱུ་རེད། ཟླ6པའི་ཚེས16ཉིན་བར་དུ། རིམ་རྩིས་བྱས་ན་མི་ཐབས་ལ་བརྟེན་ནས་ཉིན7000ཙམ་ལ་བདག་སྐྱོང་བྱས་པ་དང་། ལམ་ངོས་ཀྱི་གནོད་འཚེ་མུས་གྲུ་བཞི15000ཐག་གཅོད་བྱས་ཟིན་ལ། བཅོས་སྒྲིག་རྣམ་གྲངས་ཚང་མ་འགྲན་བསྡུར་འགོ་མ་བརྩམས་སྔོན་ཚད་གཞི་མཐོ་བའི་སྒོ་ནས་ལས་མཇུག་སྒྲིལ་རྒྱུ་རེད།
སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་བརྒྱུད་པའི་ལམ་དུམ་མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ཀྱིས་དོ་དམ་བདག་སྐྱོང་བྱས་པའིG109དང་། G213། G227སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ11ལ་འབྲེལ་ཡོད་པ་དང་། བསྡོམས་པའི་སྤྱི་ལེ700ལྷག་ཙམ་ཡོད་ལ། ཉམས་གསོ་བདག་སྐྱོང་བཟོ་སྐྲུན་སྣ3ལ་འབྲེལ་ཡོད་པ་དང་ཉམས་གསོ་བྱས་པའི་ལམ་ཚད་སྤྱི་ལེ538ཙམ་ཡོད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གྲལ་བཤེར་བྱས་པའི་ལམ་ངོས་ཀྱི་གནོད་འཚེ་ལ་གནད་དོན་གྱི་རྩིས་ཐོ་བཟོ་བ་དང་། དག་ཐེར་ལེགས་བཅོས་ཀྱི་ཞིབ་ཐོ་གསལ་བོ་བཟོ་བ། དག་ཐེར་ལེགས་བཅོས་ཀྱི་དུས་ཚད་གསལ་བོ་བཟོ་བ་བཅས་བྱས་ནས་ཆེད་དམིགས་ཐག་གཅོད་བྱས། དེ་དང་ཆབས་ཅིག ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་དང་རྒྱུན་ལྡན་གྱི་སྐོར་ཞིབ་དོ་དམ་སྲུང་སྐྱོང་བྱ་བར་ཤུགས་བསྣན་ཏེ། ལམ་རྒྱུད་ཀྱི་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་གསར་སྒྱུར་དང་། དྲང་སྐྱོང་ཉམས་གསོ། དེ་མིན་ཆད་སྐྱོན་བྱུང་བའི་སྒྲིག་བཀོད་ཁ་གསབ་དང་གསར་དུ་བརྗེ་བའི་ལས་ཀ་བཅས་སྤེལ་ནས། ལམ་རྒྱུད་ཀྱི་སྔོ་ཁེབས་ལ་དོ་དམ་དང་སྲུང་སྐྱོང་ཞིབ་ཚགས་བྱས་ཏེ་ལྕགས་རྟར་ཞོན་མཁན་གྱི་མཐོང་ལམ་ཡག་པོ་ཡོང་བར་འགན་ལེན་བྱས། གཞུང་ལམ་གྱི་ཟམ་ཆུ་དང་ཆུ་ལམ་གཤོང་བ་སོགས་ཆུ་འབུད་མ་ལག་ཟབ་འཇུག་བྱས་ཏེ། རྒྱུན་རྣམ་ཅན་གྱི་ལམ་ངོས་ཀྱི་ས་དོང་དང་གཏོར་སྐྱོན་ཕྲན་བུ་སོགས་གནོད་འཚེ་ཆུང་གྲས་བཟོ་བཅོས་བྱས་ཏེ། ལམ་གྱི་རྣམ་པ་དང་ཤར་གཏོང་བྱེད་པའི་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་བཏང་།
བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མདུན་དུ་སྤོ་སྒྱུར་བྱས་ཏེ། མུ་མཐུད་འགྲན་བསྡུར་དང་འབྲེལ་བ་ཡོད་པའི་ལམ་དུམ་གྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་རྩ་བ་ནས་འགུལ་རྣམ་གྲལ་བཤེར་གཏིང་ཟབ་བྱས་ནས། ཟམ་པ་ཆེ་འབྲིང་དང་ཕུག་ལམ། མཐོ་གཟར་སོགས་འགག་རྩའི་ཉེན་ཁའི་གནས་ལ་གཙོ་གནད་དུ་དམ་འཛིན་བྱེད་པར་དམིགས་ཏེ། རྒྱུན་རྣམ་ཅན་གྱི་མངོན་མེད་རྐྱེན་ངན་དོ་དམ་ཚོད་འཛིན་རྐྱེན་སྲོལ་བཙུགས་ནས་བགྲོད་ལམ་ཤར་གཏོང་གི་ཉེན་ཁ་འགོག་ཟོན་གནད་ལ་འཁེལ་བར་བྱས་ཡོད། འགྲན་བསྡུར་འགན་ལེན་གྱི་དགོས་མཁོར་གཞིགས་ནས་གནམ་གཤིས་ཞན་པ་དང་ཐོལ་བྱུང་ལམ་གྱི་གནས་ཚུལ་སོགས་འཕྲལ་བསྟུན་གནས་ཚུལ་སྣ་ཚོགས་སྔ་སྣུར་སྒོས་སྔོན་དཔག་བྱས་ཏེ། གཙོ་གནད་ལམ་དུམ་དུ་འཕྲལ་བསྟུན་ཤར་གཏོང་འགན་ལེན་གྱི་སྟོབས་ཤུགས་འདང་ངེས་བཀོད་སྒྲིག་དང་འཕྲལ་བསྟུན་ཐག་གཅོད་ཀྱི་སྔོན་ཇུས་འཐུས་ཚང་དུ་བཏང་ནས། འགྲན་བསྡུར་བྱེད་སྐབས་ཀྱི་ཐོལ་བྱུང་གནད་དོན་སྣ་ཚོགས་ལ་མགྱོགས་པོར་དང་ལེན་དང་ནུས་ཆེའི་ཐག་གཅོད་ཐུབ་པར་ཁག་ཐེག་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགྲན་བསྡུར་བགྲོད་ལམ་གྱི་བདེ་འཇགས་འགན་ལེན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་རྩིས་ཡོད།