ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་རྒྱུན་གྱི་ཁྲོམ་གཞུང་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་དང་། གནའ་བོའི་བཟོ་སྐྲུན་ལ་སྲུང་སྐྱོབ་བྱེད་པ། རིག་དངོས་ལ་སྲུང་སྐྱོབ་བྱེད་པ་བཅས་ནི་གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་བླ་སྲོག་ཉར་ཚགས་ཡག་པོ་བྱས་པ་ཡིན་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ས་གནས་སོ་སོས་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ཡུལ་བབ་དང་བསྟུན་པ་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བེད་སྤྱོད་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་ནས། རིག་གནས་ཀྱི་བླ་སྲོག་རྒྱུན་འཛིན་བྱེད་པའི་ཁྲོད་དུ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
སུའུ་ཀྲོའུ་ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ལ་ད་ལྟའི་བར་ལོ2500ལྷག་གི་ལོ་རྒྱུས་ལྡན་པ་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་སྐབས་འདིར། ཡུལ་སྐོར་བ་ཧ་ཅང་མང་། མི་རྣམས་ཀྱིས་ལྡིང་ཁང་དུ་གནའ་བོའི་འཛུགས་སྐྲུན་དང་དམངས་སྲོལ་ལ་བལྟ་བ་དང་ས་འདིའི་རིག་གནས་ཀྱི་མཛེས་པར་མྱོང་བཞིན་མཆིས། 2023ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་འདིར་གཟིགས་ཞིབ་ཏུ་ཕེབས་ནས། ཁོང་གིས་ཚང་མར་ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། དེར་སྲུང་སྐྱོབ་དང་སྔོག་འདོན། བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ས་གནས་དེ་གའི་གཙང་པོ་དང་ཁྲོམ་གཞུང་གི་བར་ཐག་ཉེ་བ་དང་། གྲོང་ཁྱེར་དང་ཆུ་བོ་མཉམ་གནས་ཀྱི་གྲོང་ཁྱེར་ཆགས་སྟངས་འདིར་བསྟུད་མར་གོ་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་ལ། གནའ་མཁར་དང་གནའ་ཤིང་། ཁྲོན་པ་བཅས་ཚང་མར་སྲུང་སྐྱོབ་བྱས། ཁུན་ཆུས་ཟློས་གར་དང་། འཁྲབ་སྟོན་དཔྱད་གཏམ། འཐག་དྲུབ་མ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་ཁང་གང་སར་ཁྱབ་ཡོད་དེ། གཙང་འགྲམ་གྱི་གནའ་བོའི་སུའུ་ཀྲིག་གི་ཁྱད་ཆོས་སྔར་ལས་གསལ་བོར་སྣང་། ད་ལོའི་ལོ་སྟོད་དུ། ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གིས་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཅིག་ས་ལྔ་ལྷག་སྣེ་ལེན་ཞུས།
ཡུལ་སྐོར་བ་ཧོ་ཡུས་ཅ་ཡིས་བཤད་རྒྱུར། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆར་ནང་དུ་འགྲོ་ཞོར། གནའ་བོའི་ཁང་རྙིང་འདི་དག་ལ་ཉུལ་ནས། སྲང་ལམ་རྙིང་བའི་སུའུ་ཀྲོའུ་ཡི་འཚེམ་དྲུབ་དང་འཐག་དྲུབ་མ་སོགས་ལ་བལྟས་པ་ཡིན། དེ་དག་ད་ལྟ་ང་ཚོའི་མིག་མདུན་དུ་ལེགས་པར་མངོན་པ་དང་། ངས་སྲོལ་རྒྱུན་རིག་གནས་མུ་མཐུད་དུ་རྒྱུན་བསྐྱང་ཡོད་པ་དངོས་སུ་ཚོར་བྱུང་།
གྲོང་ཁྱེར་དུ་དྲན་ཤིང་བཞག་ནས། མི་རྣམས་ཀྱིས་ཕ་ཡུལ་ལ་བཅངས་པའི་དྲན་གདུང་སེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་དང་། སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་དམིགས་ནས། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་། ཁོང་གིས་ནན་གྱིས་བསྟན་དོན། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ནི་སྔོན་རབས་པའི་བློ་གྲོས་ཉར་ཚགས་བྱས་པ་ཡིན་ལ། གྲོང་ཁྱེར་གྱི་ནང་སྙིང་དང་སྤུས་ཚད། ཁྱད་ཆོས་ལྡན་པའི་མཚོན་རྟགས་གལ་ཆེན་དེ་ཡིན། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་མ་ལག་རྒྱུན་འཛིན་བྱེད་པ་གཙིགས་སུ་བཟུང་སྟེ། “རྒན་པར”ལྟ་སྐྱོང་བྱེད་པ་ནང་བཞིན་གྲོང་ཁྱེར་གྱི་བཟོ་སྐྲུན་རྙིང་པར་བརྩི་འཇོག་དང་གཅེས་སྐྱོང་བྱས་ནས། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་དྲན་ཤེས་ཉར་ཚགས་བྱེད་དགོས། ཁོང་གིས་བསྟན་དོན། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རིག་གནས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། མིག་མདུན་གྱི་ཁེ་ཕན་མི་བསམ་པར་གཏོར་བཤིག་དང་འཛུགས་སྐྲུན་ཆེན་པོ་བྱེད་མི་རུང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ནས། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་གཙིགས་སུ་འཛིན་པ་དང་། སྒྱུར་བཀོད་ཕྲན་བུ་བྱེད་པའི་བྱེད་ཐབས་མང་དུ་སྤྱད་དེ། དཔལ་ཡོན་རྒྱུན་འཛིན་དང་རིག་གནས་རྒྱུན་མཐུད་ལ་མཐོང་ཆེན་བྱེད་དགོས།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་སྲིད་ཇུས་མ་ལག་བསྟུད་མར་འཐུས་ཚང་དུ་སོང་བ་དང་། སྲུང་སྐྱོབ་ཀྱི་ཁྱབ་ཁོངས་ཉིན་རེའི་བཞིན་རྒྱ་ཇེ་ཆེར་སོང་། མིག་སྔར། རང་རྒྱལ་དུ་བསྡོམས་པས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན145ཡོད་པ་དང་། ལོ་རྒྱུས་དང་རིག་གནས་ཁྲོམ་གཞུང1300ལྷག་ཙམ་དབྱེ་འབྱེད་གཏན་འཁེལ་བྱས་ཡོད་ལ། ལོ་རྒྱུས་བཟོ་སྐྲུན་ཁྲི་བདུན་དང་སྟོང་གཉིས་ངོས་འཛིན་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཕྱོགས་བསྡུས་མ་ལག་རབ་དང་རིམ་པ་ཞིག་ཆགས་ཡོད།
སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཧོ་ཕིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་དང་སྐུལ་འདེད་འོག རང་རྒྱལ་གྱི་གྲོང་ཁྱེར་རིག་གནས་ཀྱི་བླ་སྲོག་ལ་སྲུང་སྐྱོབ་བྱ་རྒྱུ་དེ“རྣམ་པ་ཉམས་གསོ”ནས“རིན་ཐང་གིས་སྣེ་ཁྲིད་པ”དང་།“གསར་སྤེལ་ཁྲིད་སྟོན”ནས“མི་དམངས་ཀྱི་གྲོང་ཁྱེར”། “གཅིག་ལ་སྲུང་སྐྱོབ”བྱེད་པ་ནས“མ་ལག་གཅིག་གྱུར་འཆར་འགོད”བྱེད་པ་སོགས་ཕྱོགས་མང་པོ་ནས་འཕོ་འགྱུར་བྱུང་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གསར་གཏོད་རང་བཞིན་གྱི་བེད་སྤྱོད་གཉིས་ཟུང་འབྲེལ་དམ་པོ་བྱས་ནས། གྲོང་ཁྱེར་གསར་སྒྱུར་དང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འབད་པས་འཚོལ་ཞིབ་བྱེད་དགོས།
གྲོང་ཁྱེར་གྱི་རིག་གནས་བླ་སྲོག་རྒྱུན་འཛིན་བྱེད་པར་སྲུང་སྐྱོབ་ནི་རྨང་གཞི་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རང་རྒྱལ་གྱིས་ལོ་རྒྱུས་ཀྱི་བཟོ་སྐྲུན་ཁྲི་གཅིག་དང་སྟོང་ལྔ་ཉམས་གསོ་བྱས་ནས། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་ཁྲོམ་གཞུང་སྲུང་སྐྱོབ་རིམ་སྤོར་བཟོ་སྐྲུན་སྤེལ་ཏེ། ལོ་རྒྱུས་དང་རིག་གནས་ཁྲོམ་གཞུང300ཉམས་གསོ་རིམ་སྤོར་བྱ་རྒྱུ་རེད། “གྲོང་ཁྱེར་སྟོང་གི་རྣམ་པ་གཅིག་དང་། ཐོག་ཁང་ཁྲི་ཡི་རྣམ་པ་གཅིག”གི་སྣང་ཚུལ་དེ་བསྒྱུར་ནས། ས་གནས་སོ་སོས་རང་གི་ཁྱད་ཆོས་ལ་རྐང་ཚུགས་ཏེ། སྲུང་སྐྱོབ་ཀྱི་ཐོག་མའི་རྣམ་པ་སོར་འཇོག་བྱེད་དགོས། ཧྥུའུ་ཅན་ཆོན་ཀྲོའུ་གནའ་གྲོང་དུ། ཁྲོམ་གཞུང170ལྷག་ཁག་བགོས་ཉམས་གསོ་བྱེད་བཞིན་པ་དང་། ས་གནས་དེ་གས་ཧྥུའུ་ཅན་ལྷོ་རྒྱུད་ཀྱི་བཟོ་སྐྲུན་ལག་རྩལ་རྒྱུན་འཛིན་ལས་སྟེགས་བསྐྲུན་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱུན་འཛིན་པ་རྩ་འཛུགས་བྱས་པ་དང་། “ཐོག་མའི་བཟོ་རྩལ་དང་། ཐོག་མའི་བཟོ་དབྱིབས། ཐོག་མའི་བཟོ་སྟངས”བཅས་ལ་བརྟེན་ནས། དངོས་པོ་རྙིང་པ“བཀོལ་ཆོག་པ་བཀོལ་ཅི་ཐུབ་བྱེད་པའི”རྩ་དོན་གཞིར་བཟུང་སྟེ། སོ་ཕག་དང་རྡོ་ཁང་། ཉ་སོག་ཕྱི་ཤུན་གྱིས་གྱང་རྩིག་པ་སོགས་ཧྥུའུ་ཅན་ལྷོ་རྒྱུད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་སྲོལ་རྒྱུན་བཟོ་རྩལ་འབོར་ཆེན་ཞིག་ཡང་བསྐྱར་མངོན་པར་བྱས་ཤིང་། སྲང་ལམ་སྣ་མང་མཉམ་གནས་ཀྱི་རྣམ་པ་སོར་འཇོག་གང་ལེགས་བྱས། ར་བསྐོར་རྙིང་བའི་ནང་དུ་མེ་ཏོག་རྣམ་པར་བཞད་པ་དང་། ཅིན་ཅང་གཙང་འགྲམ་དུ་བྱ་གག་འཛིན་པའི་རོལ་རྩེད་དང་ཁྱད་ལྡན་དམངས་སྲོལ་གྱིས་གུང་གསེང་སྐབས་ཀྱི་ཆོན་ཀྲོའུ་རུ་མི་ཚོགས་ཀྱིས་ཁེངས་དུ་བཅུག
ཀྲེ་ཅང་ཧྲའོ་ཞིན་དུ། ཡུལ་སྐོར་གྲུ་གཟིངས་དང་ངོགས་གཉིས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་སྒྲོན་སྣ་ཚོགས་མཉམ་འདྲེས་བྱས་ཏེ་སྡོད་དམངས་དང་ཡུལ་སྐོར་བས་མཉམ་དུ་གནའ་གྲོང་གི་གུང་གསེང་ལ་རོལ་བཞིན་ཡོད། གནས་འདིའི་གནའ་གྲོང་ལ་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་བརྒྱད་དང་ཁང་བ་ཁྲི་གཅིག་སྟོང་བཞི་ལྷག་ཡོད། དུས་མཚམས་འདིའི་ནང་ཁྱིམ་ཚང210ལྷག་གི་ས་ཁུལ་ལ“སྒྱུར་བཟོ་ཕྲ་ཆུང”བྱེད་བཞིན་ཡོད། སྣུམ་ནག་ལམ་དེ་རྡོ་ནག་ལམ་དུ་སླར་གསོ་བྱས་ནས། སྒོ་རྙིང་པ་སོར་འཇོག་བྱེད་པ་ནས་རྨང་གཞིའི་སྒྲིག་བཀོད་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་བར། ས་གནས་ཀྱིས་གནའ་གྲོང་གི་ཁྱད་ཆོས་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོག་མའི་སྡོད་དམངས་ལ“ཁྱིམ་ཚང་གཅིག་ལ་ཐབས་ཇུས་གཅིག”གི་བསྒྱུར་བཀོད་ཇུས་གཞི་གཏན་འཁེལ་བྱས།
ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་ལོ་རྒྱུས་རིག་གནས་མཁར་གྲོང་གྲགས་ཅན་སྲུང་སྐྱོང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཆི་ཡིས་བཤད་རྒྱུར། གནའ་བོའི་བཟོ་བཀོད་དང་ཁང་རྙིང་ལ་སྲུང་སྐྱོབ་བྱེད་དགོས་ལ། གནའ་མཁར་གྱི་འཚོ་བའི་རྣམ་པར་ཡང་སྲུང་སྐྱོབ་བྱེད་དགོས། ང་ཚོས“མེ་ཏོག་གཙག་པའི”སྙིང་རུས་སྤྱད་ནས། ཁྲོམ་གཞུང་གི་རྣམ་པ་མཐུན་སྦྱོར་ཡོང་བར་བྱེད་པའི་རྨང་གཞིའི་སྟེང་།“མདུན་དུ་ཚོང་ཁང་དང་རྒྱབ་ཏུ་ཁང་བ་ཡོད་པའི”རྣམ་པ་འདི་ལྟ་བུ་སོར་བཞག་བྱས་ནས། ལ་ལས་སྒོ་ཁར་ལག་ཤེས་བཟོ་རྩལ་ཐོན་རྫས་འཚོང་བཞིན་ཡོད་ལ། ཁག་གཅིག་གིས་ཧྲའོ་ཞིན་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ཞིམ་ཟས་བཙོངས་ཏེ། ང་ཚོའི་ཐོག་མའི་སྡོད་དམངས་ལ་གནའ་གྲོང་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག
འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བཏང་།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས། རང་རྒྱལ་གྱིས་གནས་སྤོ་མི་ཐུབ་པའི་རིག་དངོས་དང་ལོ་རྒྱུས་བཟོ་སྐྲུན། བཟོ་ལས་ཤུལ་བཞག ལོ་རྒྱུས་རིག་གནས་ཀྱི་སྲང་ལམ། ལོ་རྒྱུས་ཀྱི་ས་མཚམས་སོགས་བེད་སྤྱོད་ལེགས་པོ་བྱས་ནས། ལས་རྣམ་གསར་པ་དང་སྒུལ་ནུས་གསར་པ་ནང་འདྲེན་བྱ་རྒྱུ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་འཕེལ་རྒྱས་སུ་བཏང་ཞིང་། དཀར་ཆས་ཀྱི་ཕ་ས་ཅིན་ཏེ་ཀྲིན་དུ། གནས་རྙིང160ལྷག་ཡོད་ལ། ས་གནས་ཀྱིས་གནས་འདི་རྨང་གཞིར་བྱས་ཏེ་རིག་གནས་གསར་གཏོད་ཁྲོམ་གཞུང་དང་དཀར་ཆས་གྲོང་རྡལ་ཆུང་ངུ་ཁག་གཅིག་འཛུགས་སྐྲུན་བྱས། ཁྲོམ་གཞུང་རྙིང་པ་དང་བཟོ་ཁང་རྙིང་པ་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟེན་ས་གསར་པ་ཞིག་ཏུ་འགྱུར་བར་བྱས། ཐེངས་འདིའི་ལྔ་པའི་ཚེས་ལྔའི་དུས་སུ། མི་རྣམས་ཀྱིས་ཇ་ཧྥུ་ལིང་ལ་མྱོང་རོལ་བྱེད་པ་དང་ཅིན་ཏེ་དཀར་ཆས་བཟོས་ནས། ཉིན་རེར་མི་ཐེངས་འབུམ་བདུན་ལྷག་གནས་འདིར་ཡུལ་སྐོར་ལ་ཡོང་བཞིན་ཡོད། ཞི་ཨན་མཁར་གྱང་ནི་རང་རྒྱལ་གྱི་ད་ཡོད་གཞི་ཁྱོན་ཆེས་ཆེ་བ་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་གནའ་བོའི་མཁར་རྫོང་གི་གྲས་ཤིག་ཡིན། ས་གནས་ཀྱིས་མདའ་མཁར་དང་དགྲ་མཁར་སོགས་གནའ་བོའི་བཟོ་སྐྲུན་གྱི་བར་སྟོང་བེད་སྤྱོད་གང་ལེགས་བྱས་ནས། ལོ་རྒྱུས་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་མ་ལག་བཏོད་པ་དང་། རིག་དངོས་ཀྱི་བར་སྟོང་དེ་རིག་གནས་ཁྱབ་སྤེལ་གྱི་མ་རྒྱུ་གལ་ཆེན་དུ་འགྱུར་བར་བྱས།
ཡུལ་སྐོར་བ་ཉིའུ་ཧྥེང་གིས་བཤད་རྒྱུར། མཁར་གྱང་སྟེང་སྤོས་ཚེ་ཁྱེད་ཀྱིས་དཔལ་ཡོན་ཞིག་རྒྱུན་ཆད་མེད་པར་གནས་ཡོད་པ་ཚོར་ཐུབ་པས། ང་ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་གཟི་བརྗིད་ཀྱིས་ཁེངས་ཡོད།
ཧོ་པེ་ཀྲེང་ཏིང་གནའ་གྲོང་ནས་ཁྲའོ་ཀྲོའུ་ཀོང་ཅི་ཟམ་སྣེ་བར་དང་། ཁྲང་ཏེ་ཧོ་ཁྲོམ་གཞུང་ནས་ཕིང་ཡའོ་ཁྲོམ་གཞུང་རྙིང་བའི་བར། གནའ་དེང་མཉམ་འདྲེས་ཀྱི་གྲོང་ཁྱེར་རེ་རེ་ཡིས་རིག་གནས་ཀྱི་མ་ལག་རྒྱུན་འཛིན་ཁྲོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ། མི་དམངས་ཀྱི་སྤུས་ལེགས་འཚོ་བར་སྔར་བས་ཞབས་ཞུ་ལེགས་པོ་བསྒྲུབ་བཞིན་ཡོད།