ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་ཐད་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ་བ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག་ཐད་ཁྲིམས་འཛུགས་རྟོག་ཞིབ་བྱས།
ཞིབ་བཤེར་ཚན་ཆུང་རྩེ་ཁོག་རྫོང་དང་ཧི་ནན་སོག་རིགས་རང་སྐྱོང་རྫོང་། ཐུན་རིན་གྲོང་ཁྱེར་བཅས་ཀྱི་ཕྱུགས་རིགས་སྨན་བཅོས་ས་ཚིགས་དང་ནད་རིགས་སྔོན་འགོག་ལྟེ་གནས། མངག་གཏོང་ཁང་། སློབ་གྲྭ་ཆུང་འབྲིང་། དཔེ་མཛོད་ཁང་། རིག་གནས་ཁང་། ཞང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་སོགས་སུ་ཟབ་ཞུགས་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་དང་གཞི་རིམ་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།
ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་བཟོ་སྐྲུན། ཁྲིམས་སྐྱོང་ལག་ལེན་གལ་ཆེན་དུ་བརྩིས་ཏེ་རིམས་འགོག་འཛིང་རགས་བརྟན་པོར་བསྐྲུན་དགོས་པ་དང་། འགོ་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་ཚོད་འཛིན་ལ་དམ་པོར་དམིགས་ནས་བློ་བརྟན་འགྱུར་མེད་སྒོས་རིམས་ནད་འགོས་ཁྱབ་བརྒྱུད་ལམ་ལ་སྔོན་འགོག་བྱེད་དགོས་ཤིང་། ཆུ་ཁུངས་དང་འབྲོག་ཁུལ་གྱི་ཁ་ཐོར་རྣམ་པའི་ཆུ་ལེན་སའི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་དང་། མི་ཕྱུགས་ཀྱི་གཤང་གཅིའི་འབག་བཙོག་ལ་ཚོད་འཛིན་ནན་མོ་བྱས་ཏེ་ས་ཁོངས་ཡོངས་ཀྱི་འབྱུང་ཁུངས་ཀྱི་འགོག་སྲུང་དྲ་རྒྱ་བརྟན་པོར་ཆགས་པར་བྱེད་དགོས་པར་མ་ཟད། གཞི་རིམ་གྱི་རིམས་འགོག་དཔུང་སྡེ་སྟོབས་ཆེར་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་དངོས་སྦྱོང་གསོ་སྦྱོང་བྱས་ཏེ་ཞིབ་བཤེར་དང་བརྟག་བཅོས། རྗེས་འདེད་འདྲི་ཞིབ་ཀྱི་ལས་སྒོའི་ནུས་པ་ཆེ་རུ་གཏོང་དགོས་ལ། དུས་བཅད་ལྟར་ལོ་ཧྲིལ་བོའི་མི་ཚོགས་སོགས་ཀྱི་ཞིབ་བཤེར་ལས་འགན་ཡོངས་འགྲུབ་བྱེད་པ་དང་། རིན་མེད་གསུམ་དང་ཁ་གསབ་གཅིག་གི་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་དགོས། འཕྲོད་བསྟེན་བདེ་ཐང་དང་ཞིང་ཕྱུགས། སྤྱི་བདེ། ཆུ་བེད་སོགས་སྡེ་ཁག་མང་པོའི་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཆ་འཕྲིན་མཉམ་སྤྱོད་དང་མཉམ་དུ་ལྟ་སྐུལ་དོ་དམ་བྱེད་ཐུབ་པར་བྱེད་པ་དང་། རང་ཡུལ་གྱི་སྒྲོག་བཤད་དང་ཚན་རིག་ཁྱབ་གདལ་སོགས་ཀྱི་དྲིལ་སྒྲོག་རྣམ་པ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱིས་འཚོ་བའི་གོམས་གཤིས་ངན་པ་བསྒྱུར་བར་ཁྲིད་སྟོན་བྱེད་པ། མང་ཚོགས་ཀྱིས་གཞན་དབང་གི་སྔོན་འགོག་ཚོད་འཛིན་ནས་རང་འགུལ་ངང་འགོག་སྲུང་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་དམངས་ཡོངས་ཟབ་ཞུགས་དང་མི་རེ་རེས་འགན་སྒྲུབ་ནན་མོ་བྱེད་པའི་རྣམ་པ་གྲུབ་པར་བྱེད་དགོས།