ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བརྙན་ལམ་དུ་བཀོད་གཏོང་བྱས་པ་དང་ཆབས་ཅིག ཚྭ་འདམ་ཆེ་བར་ཕྱིན་ཏེ་ཡུལ་དངོས་ནས་ཡོམ་འགོག་གནོད་སེལ་བྱ་བར་མཛུབ་ཁྲིད་བྱས་པ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་པུའུ་རུ་ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས། མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་ཡོམ་འགོག་ཁུལ་དུ་བསྐྱོད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཡུལ་དངོས་གནོད་འཚེ་ཕོག་པའི་གནས་ཚུལ་དང་། ཉེན་སེལ་རོགས་སྐྱོབ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་པ་སོགས་ལ་ལྟ་ཞིབ་བྱས་པ་མ་ཟད་ཡུལ་དངོས་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་འཕྲི་གནོད་སེལ་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་དང་། ཕན་ཆོད་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ཡོམ་འགོག་གནོད་སེལ་གྱི་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཡོམ་ཁུལ་གྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སྒོས་སླར་གསོ་བྱེད་དགོས།
བཀོད་འདོམས་པུའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱི་བྱ་བའི་འཕེལ་རིམ་སྐོར་གྱི་གནས་ཚུལ་ལ་ཉན་རྗེས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་བཅས་ཀྱི་མགོ་ཁྲིད་སྟོབས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་འོག ཡོམ་འགོག་རྒུད་སྐྱོབ་བྱ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བསྟན། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཐོག མང་ཚོགས་བདེ་སར་བཀོད་སྒྲིག་དང་རོགས་སྐྱོབ་བྱ་བ་བརྟན་པོའི་ངང་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་རེ་འདུན་ལ་དུས་ཐོག་ཏུ་ལན་འདེབས་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་འབྱུང་ས། གཏེར་རི་དང་རྫས་འགྱུར་བཟོ་ལས་ཁེ་ལས་སོགས་འགག་རྩའི་གནས་ཀྱི་མངོན་མེད་རྐྱེན་ངན་སྔར་ལས་ལྷག་པའི་སྒོ་ནས་གྲལ་བཤེར་བྱས་ཏེ། མཐོང་མི་ཐུབ་པ་དང་ཚོར་མི་ཐུབ་པའི་ཟ་ཟུར་ཡོངས་ལ་ཞིབ་བཤེར་གཙང་མ་ཞིག་བྱེད་དགོས། སྡོད་ཁང་འཛུགས་སྐྲུན་གྱི་གནོད་སྐྱོན་དཔྱད་དཔོག་གསལ་འབྱེད་ལ་མགྱོགས་པོར་སྐུལ་འདེད་བཏང་ནས་རིགས་དབྱེ་ཁག་བགོས་ཀྱིས་དོ་དམ་ཚོད་འཛིན་བྱས་ནས། འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་དང་། ཧུར་ཐག་སྒོས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་དགོས། ཡོམ་འགོག་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་ཡག་པོ་བྱས་ནས་མང་ཚོགས་ཀྱི་གནོད་འགོག་གནོད་སེལ་སྐོར་གྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།
སློབ་གྲྭའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་དང་། ཡུལ་མིའི་སྡོད་གནས། དངོས་ཟོག་གསོག་འཇོག་ས་ཚིགས། བྱེད་སྒོའི་ལྟེ་གནས་བཅས་སུ་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ས་ཡོམ་གྱི་གནོད་འཚེ་ཕོག་པ་དང་འཕྲལ་སྡོམ་རོགས་སྐྱོབ་ཐག་གཅོད་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ས་གང་དུ་སོང་ཡང་ཁོང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་བར་སྙིང་ཉེ་བའི་ངང་གླེང་མོལ་བྱས་ཏེ་གཞི་རྩའི་འཚོ་བའི་འགན་སྲུང་གནས་ཚུལ་དང་དཀའ་ངལ་གྱི་རེ་ཞུ་འདྲི་རྩད་ཞིབ་ཚགས་གནང་བ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་དོ་དམ་ཞབས་ཞུར་ཤུགས་སྣོན་བྱེད་པ། རྒན་རྒོན་དང་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར་སྔོན་ལ་གཅེས་སྐྱོང་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་དང་བཀོད་སྒྲིག་འོས་འཚམ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ཁམས་སེམས་གསོ་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་ནས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་བསྟན།
ཡུལ་དངོས་ཀྱི་བཀོད་འདོམས་པུའུ་རུ་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་མེ་ཟོན་རོགས་སྐྱོབ་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དེ་བཞིན་ཀྲུང་གོ་ས་ཡོམ་ཅུའུ་ཡི་ཆེད་མཁས་པ་སོགས་རོགས་སྐྱོབ་སྟོབས་ཤུགས་ལ་འཚམས་འདྲི་གནང་བ་དང་། ཡོམ་འགོག་གནོད་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བྱས། འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱི་སྤྱི་འདོམས་བཀོད་གཏོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བཀོད་སྒྲིག་བྱེད་པ་དང་། ཡུལ་དངོས་ཀྱི་བྱ་བ་དང་རྒྱབ་ཀྱི་བཀོད་འདོམས་ཞིབ་ཚགས་དམ་ཟབ་བྱས་ནས་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་ལ་མགྱོགས་མྱུར་ངང་བྱེད་དགོས།
ཡུལ་དངོས་ཀྱི་ཚོགས་འདུའི་ཐོག་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ནན་གྱིས་བསྟན་དོན། མིག་སྔའི་ཡོམ་འགོག་གནོད་སེལ་བྱ་བའི་མ་མཐའི་མཚམས་ཐིག་ནི་ཞོར་ཐོན་གནོད་འཚེ་མི་འབྱུང་པ་དང་། ཆེས་གལ་ཆེ་བ་ནི་བརྟན་ཞིང་གོ་རིམ་ལྡན་པའི་ངང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་ངང་སླར་གསོ་བྱེད་དགོས། ཡོམ་འཕྲོ་རྗེས་སུ་ལྟ་ཞིབ་ཚད་ལེན་དང་གྲོས་མོལ་བྱས་ནས་དང་ས་འགུལ་འཕེལ་ཕྱོགས་ཞིབ་འཇུག་བརྡར་ཤ་གཅོད་ཀྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས་ནས་སྤྱིའི་ཐབས་ཇུས་ལ་འདེགས་སྐྱོར་ནུས་པ་མཁོ་འདོན་བྱེད་དགོས། བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི“གནས་དཔོན་དོ་དམ་ལམ་ལུགས”ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ“ཡོད་པ་དྲུག”འགན་སྲུང་བྱེད་དགོས། དུས་ཐོག་ཏུ་ཡང་དག་དང་དངོས་ཐོག་བདེན་འཚོལ་གྱིས་དབང་གྲགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ནུས་ལྡན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། དངོས་ཟོག་དོ་དམ་དང་གཏོང་སྤྲོད་ཀྱི་བྱ་བ་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་དགོས། གནོད་འཚེའི་རྗེས་ཀྱི་ཚགས་རྩིས་དང་། བསྡོམས་རྩིས། དཔྱད་དཔོག་གི་བྱ་བ་དམ་འཛིན་བྱས་ནས་ཁང་པ་དང་རྨང་གཞིའི་སྒྲིག་བཀོད། མང་ཚོགས་ཀྱི་རྒྱུ་ནོར་ལ་ཕོག་པའི་གནོད་འཚེ་གཞི་གྲངས་ཕྱོགས་ཡོངས་ནས་གསལ་པོར་རྟོགས་པར་བྱས་ཏེ་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས་ཞེས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་ཚོགས་འདུར་ཞུགས་ཡོད།