ཟླ6པའི་ཚེས17ཉིན། གསར་འགོད་པས་ཚྭ་འདམ་ཆེ་བ་རུ་ས་ཡོམ་རིམ་པ6.3བྱུང་བའི་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཡོམ་བྱུང་རྗེས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་སོ་སོའི་སྟོབས་ཤུགས་མགྱོགས་མྱུར་ངང་བསྡུ་རུབ་དང་གཅིག་གྱུར་འཆར་འགོད་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་ཉེན་སེལ་རོགས་སྐྱོབ་དང་འགལ་རྐྱེན་ཞིབ་བཤེར། མང་ཚོགས་བདེ་འགོད་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས། མཚོ་འཕགས་སྨི3100ལྷག་ཡོད་པའི་མཐོ་སྒང་གི་ས་གཞི་རུ། ཡོམ་འགོག་རྒུད་སྐྱོབ་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན།
མཚོ་ནུབ་ཁུལ་གྱིས་འཕྲལ་མར་ཡུལ་དངོས་ཀྱི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་བཙུགས་པ་དང་། དེའི་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་དང་གནོད་འཚེ་ཡི་གནས་ཚུལ་ཞིབ་བཤེར། སྨན་བཅོས་མྱུར་སྐྱོབ། མང་ཚོགས་བདེ་འགོད་སོགས་ཆེད་དོན་ལས་དོན་ཚན་ཆུང8བཙུགས་ནས། ཁུལ་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་མཉམ་འགུལ་བཀོད་གཏོང་ལག་བསྟར་བྱས། རིམ་པ་སོ་སོའི་ལས་བྱེད་པ་དང་མེ་ཟོན་རོགས་སྐྱོབ་མི་སྣ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱིས་ཉིན་མཚན་བསྟུད་མར་མཁྲེགས་གཏོར་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་བགྲོད་ལམ་དང་འཕྲིན་གཏོང་། གློག་ཤུགས་བཅས་གེགས་མེད་ཤར་གཏོང་ཐུབ་པར་འགན་ལེན་བྱས། མིག་སྔར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི1འཕྲལ་མར་གཏོང་སྤྲོད་བྱས་ཡོད། ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་བར་དུ། ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱིས་རིམ་རྩིས་བྱས་ནས་ཡོམ་ཁུལ་དུ་རྒུད་སྐྱོབ་དངོས་ཟོག་ཁྲི་གཉིས་ལྔ་སྟོང་ཉིས་བརྒྱ་ལྷག་བཏང་བ་དང་། ཡུལ་དངོས་སུ་རོགས་སྐྱོབ་མི་སྣ1051དང་རླངས་འཁོར178བཏང་བར་བརྟེན། རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་འགན་སྲུང་འདང་ངེས་ཡོད།
ཡོམ་ཁུལ་གྱི་ལས་བྱེད་དང་མང་ཚོགས་དང་བཅའ་སྡོད་དམག་དཔུང་། དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་བཅས་དང་དེ་བཞིན་ལས་རིགས་ཁག་གི་སྟོབས་ཤུགས་ཀྱིས་མགྱོགས་མྱུར་ངང་ཉེན་སེལ་ལེབ་བཤེར་ལས་དོན་ནང་ཞུགས་པ་དང་། མཚོ་ནུབ་ཡན་ལག་དམག་ཁུལ་དང་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག མེ་ཟོན་རོགས་སྐྱོབ་བཅས་ཀྱི་རོགས་སྐྱོར་སྟོབས་ཤུགས་ཁྱོན་བསྡོམས580ཡིས་མཉམ་འགུལ་བྱས་ནས། ས་ཁོངས་ཡོངས་སུ་དྲ་འཐེན་རྣམ་པའི་མི་སྣ་ལེབ་བཤེར་དང་གནས་སྤོ་ཉེན་གཡོལ་ལས་སྒོ་སྤེལ། རིམ་རྩིས་བྱས་ན་སྡེ་བ2དང་མཁར་སྡེ5ཡི་མང་ཚོགས་ཁྱོན་བསྡོམས9608ཁ་འགྲེམ་བྱས་པ་དང་། རྒྱལ་ཁོངས་བརྒལ་བའི་ཡུལ་སྐོར་བ་ཉིས་ཁྲི་ལྔ་སྟོང་ལྷག་ལ་བརྟན་བརླིང་ངང་ཁྲིད་སྟོན་བྱས་ནས། ཡུལ་སྐོར་བ800ལྷག་རིགས་དབྱེ་བདེ་འགོད་བྱས། དེ་མིན་ད་དུང་ས་ཁུལ་ཡོངས་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང4ཡི་དགེ་སློབ1286ཚང་མ་བདེ་འཇགས་ངང་གནས་སྤོ་བྱས། བཟོ་གཏེར་ཁེ་ལས་ཐད། རྡོ་སོལ་གཏེར་ཁ་མིན་པ་དང་དེ་བཞིན་གཏེར་ཁྲོན་ཁེ་ལས12ཀྱི་ཁྲོན་པའི་འོག་གི་ལས་སྒྲུབ་མི་སྣ1004ཚང་མ་ཛ་དྲག་ངང་ཁྲོན་པའི་ཁར་ཡོང་དུ་བཅུག་ནས་ཉེན་གཡོལ་བྱས།
ཡོམ་ཁུལ་གྱི་མཚན་མོའི་དྲོད་ཚད་གློ་བུར་དུ་མར་ཆག་པ་དང་ཆར་ཆུ་རྒྱུན་མཐུད་ངང་འབབ་པའི་གནམ་གཤིས་རྩུབ་པར་དམིགས་ཏེ། མཚོ་ནུབ་ཁུལ་གྱིས་གནས་སྐབས་བདེ་འགོད་བྱ་ཡུལ5མགྱོགས་མྱུར་གཏན་འཁེལ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས3000ལྷག་གོ་རིམ་ལྡན་པའི་སྒོ་ནས་གནས་སྤོ་བདེ་འགོད་བྱས། ཡུལ་དངོས་སུ་ཛ་དྲག་ངང་འཕྲལ་བསྟུན་རས་གུར་བཀོད་གཏོང་བྱེད་པ་དང་འབྲེལ་ཏེ། འཕྲལ་བསྟུན་རས་གུར་ཕུབ་ནས་དཔུང་སྡེའི་ཟས་འཁོར་དང་སྤྱི་ཚོགས་ཀྱི་བཟའ་བཏུང་སྟོབས་ཤུགས་བཅའ་སྡོད་མཐུན་སྦྱོར་བྱས་ནས། འཕྲོད་བསྟེན་དུག་སེལ་དང་གྲང་འགོག་དྲོད་འཛིན། རྒྱུན་ལྡན་གྱི་རིམས་འགོག་ལས་དོན་བཅས་དུས་གཅིག་ཏུ་དམ་འཛིན་ནན་མོ་བྱས་ཏེ། མང་ཚོགས་ལ་སྡོད་ཁང་ཡོད་པ་དང་ཟ་མ་ཟ་རྒྱུ་ཡོད་པ། འཐུང་ཆུ་ཡོད་པ། མི་གྲང་བ་བཅས་ཀྱི་ཐད་འགན་ལེན་བྱས།
མཚོ་ནུབ་ཁུལ་གྱིས་ཆེད་ལས་ལག་རྩལ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ། ཡོམ་རྗེས་ཀྱི་ཁང་པ་འཛུགས་སྐྲུན་དང་བཟོ་གཏེར་བཟོ་ཁུལ། འགྲིམ་འགྲུལ་སྒྲིག་བཀོད་སོགས་ལ་ཁྱོན་ཡོངས་ནས་ཞིབ་དཔྱད་དང་ཉེན་ཁར་དཔྱད་འཇོག་བྱས། ལེབ་བཤེར་བྱས་པ་ལས་ཤེས་པའི་ཁང་པའི་གས་སྲུབས་དང་བགྲོད་ལམ་གྱི་རྐྱེན་ངན། དེ་བཞིན་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་བཅས་ལ་དམིགས་ཏེ། དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་པ་དང་ཟིན་ཐོར་བཀོད། དྲ་རྒྱའི་སྒྲིག་ལམ་སྲུང་སྐྱོང་དང་ས་ཡོམ་ཁུལ་མཛེས་ལྗོངས་ཁུལ་གནས་སྐབས་སྒོ་རྒྱག་མཚམས་འཇོག་པ་སོགས་ཀྱི་བརྡ་ཁྱབ་དང་དྲན་སྐུལ་དུས་ཐོག་ཏུ་ཁྱབ་སྒྲོག་བྱས་ནས། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བྱིན།
མཚོ་ནུབ་ཁུལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཁྱོན་ཡོངས་ལ་ཁྱབ་པའི་ལེབ་བཤེར་སྐོར་ཐེངས་གསུམ་པ་ལེགས་འགྲུབ་བྱས་ཏེ། སྡོད་ཁང་གི་བདེ་འཇགས་རིམ་པ་དབྱེ་འབྱེད་གནད་ལ་འཁེལ་བ་དང་འབྲེལ་ཏེ་རིགས་དབྱེ་དོ་དམ་ཚོད་འཛིན་བྱེད་པ། རྨང་གཞིའི་སྒྲིག་བཀོད་མྱུར་གསོ་སླར་གསོ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་རྡོ་སོལ་གཏེར་ཁ་ཆེ་གྲས་ཀྱི་འགོག་རྐྱེན་སེལ་ནས་བགྲོད་ལམ་གཏོད་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མས་སློབ་མཚམས་བཞག་ནས་སློབ་ཁྲིད་སླར་གསོ་བྱེད་པའི་འགན་སྲུང་ལས་དོན་བརྟན་པོའི་ངང་ཡག་པོ་བསྒྲུབས་ཏེ། ལོ་ལོན་ཁེར་འདུག་དང་གཞིས་སྐྱུར་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱི་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱས་ཏེ། མཐོ་སྒང་གི་གྲང་ངར་ཆེ་བའི་ཡོམ་འགོག་རྒུད་སྐྱོབ་ལ་རྒྱལ་ཁ་ལེན་པར་རྩེ་གཅིག་ཏུ་འབད་ཀྱིན་ཡོད།