ཟླ6པའི་ཚེས16ཉིན་ནས་ཚེས17ཉིན་བར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས་ཏེ། རོང་འབྲོག་ས་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་སྤེལ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་ཤིང་། འབྲེལ་ཡོད་མི་དོན་ཚན་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད།
ཚོགས་ཐོག་ཏུ། ཧྲིན་ཀྲང་གཞོན་པ་ཁྲེན་ཅི་ཝེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཧྲིན་ཧྲིའུ་གཉིས་ཀྱིས་སོ་སོར་ཆེད་དོན་སྙན་ཞུ་དང་རྟོག་ཞིབ་གནས་ཚུལ་གྱི་སྙན་ཞུ་ཕུལ། ཨུ་ཡོན་བདུན་གྱིས་ཚོགས་ཆེན་སྟེང་གཏམ་བཤད་ཅིང་། ཡིག་ཐོག་གི་བརྗེ་རེས་རྒྱུ་ཆ33དཔར་འགྲེམ་བྱས། ཚོགས་ཞུགས་མི་སྣས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས། ཚང་མས་གཅིག་གྱུར་གྱིས་བལྟས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་ཐད་ཀྱི་བླང་བྱ་གལ་ཆེན་ནན་ཏན་གྱིས་དོན་འཁྱོལ་དང་། དགེ་མཚན་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་རྐང་འཛུགས་པ། མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ལ་གཞི་བཅོལ་བ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་མུ་ཕྲེང་རྒྱུན་བསྲིང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་སྦྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་ཐོན་ལས་གཞི་རྩ་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཀྱི་རྣམ་པ་བཟང་བོ་མངོན་ཞིང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གྱི་ལས་དོན་ཁག་སོ་སོར་བརྟན་པོར་སྐུལ་འདེད་བཏང་ཞིང་གྲུབ་འབྲས་མངོན་གསལ་ཡིན་པར་འདོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཞིང་གསུམ་བྱ་བའི་དངོས་ཡོད་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས། ཞིང་གསུམ་གྱི་གནད་དོན་ཐག་གཅོད་བཟང་པོ་བྱེད་པར་རོགས་རམ་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་གཙོ་གནད་དུ་འཛིན་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཙོ་བོའི་རྗེས་སུ་དམ་པོར་འབྲངས་པ། ཐོན་ལས་མཉམ་འདྲེས་ཀྱི་འགག་གནད་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་དཀའ་གནད་རྒྱུན་རྣམ་ཅན་ལ་དམིགས་ནས་གྲོས་མོལ་རིགས་སྣ་སོ་སོ་སྤེལ་ཏེ། ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་གི་ཇུས་ཐག་གཅོད་པར་དཔྱད་གཞི་འདོན་སྤྲོད་བྱེད་དགོས། གཟིགས་ཞིབ་ལྟ་སྐུལ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱོད་མཁས་བྱས་ཏེ། ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ལ་དོ་ཁུར་དང་ཞིང་སྡེ་ལ་དོ་སྣང་། ཞིང་བར་གཅེས་སྐྱོང་བྱེད་པའི་སྒྲིལ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། བློ་བརྟན་འགྱུར་མེད་སྒོས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ཏེ། སློབ་སྦྱོང་གཏིང་ཟབ་ཏུ་བྱེད་པ་ལྔ་ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། གནད་དོན་ཞིབ་བཤེར་དག་ཐེར་བྱེད་པ་ནན་འཛིན་དངོས་སྒྲུབ་ཀྱིས་སློབ་སྦྱོང་སློབ་གསོས་ཏན་ཏིག་གི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས། ལོ་སྨད་ཀྱི་འགན་སྒྲུབ་ལས་འགན་དམིགས་སུ་བཟུང་སྟེ། གྲོས་མོལ་འཆར་གཞི་ལྟར་མི་འདང་ས་ཁ་གསབ་དང་འགན་འཁྲི་ནན་དཀྲི་བྱེད་དགོས་ལ། གཙོ་གནད་གྲོས་མོལ་དང་གྲོས་གཞི་སྒྲུབ་པ། དམངས་ཀྱི་འདོད་བློ་རེ་ཞུ་སོགས་ཀྱི་བྱ་བ་དངོས་སུ་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།
གྲོས་ཚོགས་མ་གྲོལ་གོང་། མཚོ་སྔོན་སློབ་ཆེན་གྱི་ཕྱུགས་ལས་ཕྱུགས་སྨན་སྡེ་ཁག་སློབ་གླིང་གི་འགོ་གཙོ་ལིའུ་ཧྲུའུ་ཅེ་གདན་ཞུ་བྱས་ནས། དུས་སྐབས་གསར་པའི་ནོར་གནག་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་གཏོང་བའི་གནད་འགག་ཐབས་ལམ་ཐད་ཀྱི་བསམ་གཞིགས་དང་གྲོས་གཞི་ཞེས་པའི་ཆེད་དོན་འཆད་ཁྲིད་བྱས།
རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་། ཀྲུའུ་ཞང་ཏུང་བཅས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས།