ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་གནོད་འགོག་གནོད་འཕྲི་གནོད་སྐྱོབ་བྱ་བའི་ཐད་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། འབྲུབ་འགོག་གི“རང་འགུལ་དམག་འཐབ”བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་སྲུང་སྐྱོང་བྱེད་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་གནོད་འགོག་གནོད་འཕྲི་གནོད་སྐྱོབ་བྱ་བའི་ཐད་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། 

འབྲུབ་འགོག་གི“རང་འགུལ་དམག་འཐབ”བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་སྲུང་སྐྱོང་བྱེད་དགོས།

ཟླ6པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་གནོད་འགོག་གནོད་འཕྲི་གནོད་སྐྱོབ་བྱ་བར་བརྟག་ཞིབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཐད་ཀྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། འབྲུབ་འགོག་གི“རང་འགུལ་དམག་འཐབ”ལེགས་པོར་བརྒྱབ་ནས། རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་སྲུང་སྐྱོང་བྱེད་དགོས་པར་བསྟན།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཏ་ཐུན་ཧུའེ་རིགས་ཧོར་རོགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་དབྱང་ཅ་ཀྲའེ་སྡེ་བའི་ས་གཤིས་གནོད་འཚེ་ལ་གཡོལ་བའི་གནས་སྤོར་གཅིག་བསྡུས་བདེ་འགོད་ས་ཚིགས་དང་ཅིན་དབྱང་གྲོང་རྡལ་ཅིན་ཁྲུང་བྲེལ་བསྟུན་ཉེན་གཡོལ་ལྟེ་གནས་སུ་སོང་ནས། འབྲུབ་དུས་ཀྱི་བདེ་འཇགས་དང་ཉེན་ཁ་འགོག་སྲུང་བྱེད་ཐབས་དང་ཉམས་མྱོང་རྒྱུས་ལོན་བྱས་ཤིང་། ལས་གཞིའི་ས་གནས་དང་སྒྲིག་བཀོད་ལྷུ་ལག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། གནས་སྤར་མང་ཚོགས་ལ་འཚམས་འདྲི་བྱས། ཁོ་གཉིས་ཀྱིས་བསྟན་དོན། ཉེན་གཡོལ་ས་ཚིགས་ཚད་ལྡན་ཅན་དུ་ལེགས་བསྒྱུར་བྱེད་དགོས་པ་དང་། བེད་མེད་དུ་ལུས་པའི་ཐོན་ཁུངས་ནུས་ལྡན་སྒོས་བེད་སྤྱོད་བྱས་ནས། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་ཁྱབ་སྤེལ་བྱེད་དགོས་ལ། གཞི་རིམ་གྱི་བྲེལ་བསྟུན་འགོག་སྲུང་དྲ་རྒྱ་སྔར་ལས་ལེགས་པར་ཞིབ་མོ་དང་བརྟན་པོར་བཟོ་དགོས། སྐབས་བརྗེ་དུས་སྐབས་ཀྱི་འབྲུབ་འགོག་འགན་འཁྲི་ནན་འགེལ་བྱས་ཏེ། ལས་སྒོའི་གསོ་སྦྱོང་དང“རྒན་པས་གསར་པ་ཁྲིད་པ”སོགས་ནུས་ལྡན་ཐབས་ལམ་བརྒྱུད་དེ། གསར་བསྐོས་ལས་བྱེད་པའི་ཐོལ་བྱུང་གནད་དོན་ཐག་གཅོད་བྱེད་ཐབས་དང་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ནུས་པ་མཐོར་འདེགས་གཏོང་དགོས། གཅིག་བསྡུས་བདེ་འགོད་ས་ཚིགས་ཀྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་སོགས་བྱ་བ་ལེགས་པོར་བསྒྲུབ་པ་དང་། སློབ་གསོ་དང་ལས་ཞུགས་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ལེགས་པོར་བྱེད་པ། གནས་སྤོར་མང་ཚོགས་གནས་སྤོར་ཐུབ་པ་དང་བརྟན་པོར་སྡོད་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ་བཅས་བྱས་ནས། ལུས་བདེ་སེམས་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས།

ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་། མཁར་ནུབ་ཁུལ་ཕྱོགས་བསྡུས་བྲེལ་བསྟུན་དངོས་ཟོག་གསོག་འཇོག་ཁང་དུ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དམའ་དབྱིངས་རིག་ནུས་མཁའ་སྐྱོད་ཉེར་སྤྱོད་སྟེགས་བུ་དང་བྲེལ་བསྟུན་དངོས་ཟོག་རིག་སྟོབས་གསོག་འཇོག་ཁང་གི་མ་ལག་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་བསྟན་དོན། མ་མཐའི་བསམ་གཞིགས་དང་མཐར་ཐུག་བསམ་གཞིགས་ཚུགས་པར་བྱེད་པ་དང་། བྲེལ་བསྟུན་དངོས་ཟོག་གསོག་འཇོག་མ་ལག་འཛུགས་སྐྲུན་ལ་ཤུགས་རྒྱག་པ། རིག་སྟོབས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ། དངོས་ཟོག་དུས་ལྟར་བརྗེ་སྤོར་དང་སྒྲིག་གཞི་སྲུང་སྐྱོང་ལེགས་པོ་བྱེད་པ། བཀོད་གཏོང་བྱས་ཆོག་པའི་བྲེལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་པ་བཅས་ཀྱིས། གནད་འགག་གི་དུས་སྐབས་སུ་བཀོད་གཏོང་ཐུབ་པ་དང་སྐྱེལ་མྱུར་བ། བཀོལ་ཆོག་པ་བཅས་ལ་ཁག་ཐེག་བྱེད་དགོས། མི་མེད་གནམ་གྲུ་སོགས་དེང་རབས་ཚན་རྩལ་ཐབས་ཤེས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནོད་འཚེ་དང་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་བརྒྱག་པ་དང་། བཅོས་སྐྱོང་བྱེད་ཐབས་དེ་དོན་དག་མ་བྱུང་གོང་གི་སྔོན་འགོག་ཏུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དམའ་དབྱིངས་དཔལ་འབྱོར་གྱི་ཉེར་སྤྱོད་རྣམ་པ་སྔར་ལས་ལྷག་པར་རྒྱ་བསྐྱེད་པ་དང་། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོའི་རང་བྱུང་ཐོན་ཁུངས་དོ་དམ་དང་ས་ཁམས་གཞི་གྲངས་འཚོལ་བསྡུ། གྲོང་ཁྱེར་བཅོས་སྐྱོང་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་སྣ་མང་དགོས་མཁོ་ཧུར་ཐག་གིས་སྦྲེལ་མཐུད་བྱས་ཏེ། གཞི་གྲངས་ཀྱི་རྒྱུ་རྐྱེན་རིན་ཐང་གློད་གྲོལ་གང་ལེགས་གཏོང་དགོས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འདི་འགར་རང་ཞིང་དུ་གནམ་གཤིས་ངན་པ་མང་དུ་བྱུང་བ་དང་། ཆུ་ལོག་དང་འདམ་རུད། རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་རྟག་ཏུ་བྱུང་བས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་མོ་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྒྱུད་སྐུད་དམ་པོར་བསྡམས་ནས། གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་འགོག་ཐིག་བརྟན་པོར་བཟོ་དགོས། རིམ་པ་སོ་སོའི་འགན་འཁྲི་ནན་འགེལ་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱེད་པ། ལས་རེས་འཁོར་བ། ཆ་འཕྲིན་བསྐུར་བ་སོགས་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། འགན་འཁྲིའི་སྦྲེལ་རྡང་འབྲེལ་མཐུད་ལེགས་པོ་བྱེད་པར་འགན་སྲུང་བྱེད་དགོས། ཚན་རྩལ་མཐོན་པོ་དང“ཐབས་ཤེས་རྙིང་བ”ཟུང་འབྲེལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་གནས་ཀྱི་ཉེན་ཁ་ཕྱོགས་ཡོངས་ནས་ཞིབ་ཕྲའི་སྒོས་ཞིབ་བཤེར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པ་དང་དོན་དག་རེ་རེ་སེམས་སུ་འཛིན་པ་བཅས་བྱས་ཏེ། བདེ་འཇགས་སྒོས་འབྲུབ་དུས་སྐྱེལ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་གཉིས་བརྟག་ཞིབ་ལ་ཞུགས།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།