མཚོ་སྔོན་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཉེ་ཆར་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་དང་མཉམ་དུ་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཀྱི་ཆེད་དོན་རྟོག་ཞིབ་ལས་དོན་བདེ་བླག་ངང་མཇུག་འགྲིལ། ཐེངས་འདིའི་བརྟག་དཔྱད་ཟླ5པའི་ཚེས27ཉིན་ནས་མགོ་ཚུགས་ཤིང་། ཟླ6པའི་ཚེས9ཉིན་མཇུག་སྒྲིལ། དུས་ཡུན་ཉིན14འགོར།  རྟོག་ཞིབ་ཁྲོད་སྔ་རྗེས་སུ་བསྐལ་བ་ཡ་ཐོག་གི་ཤུལ་རྗེས20ལྷག་ཙམ་གསར་དུ་རྙེད་ཅིང་། དེ་ལས་རྡོ་ཆས་དང་། སྲོག་ཆགས་ཀྱི་རུས་པ།  སོལ་བ་སོགས་དངོས་དཔེ་རིགས200ལྷག་ཙམ་འཚོལ་བསྡུ་བྱས་ཡོད་པས། མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་གནའ་མིའི་བྱེད་སྒོ་དང་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་དངོས་པོའི་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། 

  ཐེངས་འདིའི་བརྟག་དཔྱད་ནི་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་གཉིས་ཀྱིས་ད་ལོའི་ཟླ5པའི་ཚེས26ཉིན་སྒོ་བྱང་བཀལ་ནས་བཙུགས་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་མིའི་རིགས་འཕེལ་འགྱུར་དང་རྒྱུད་འཛིན་གྱི་རྒྱལ་ཁབ་རིག་དངོས་ཅུའུ་ཡི་གཙོ་གནད་ཚན་ཞིབ་རྟེན་གཞིའི་མཚོ་སྔོན་ལས་དོན་ས་ཚིགས་ལ་གཞི་བཅོལ་ནས་མཉམ་དུ་ལག་བསྟར་བྱས་པའི་ཀླུང་ཐང་རྟོག་ཞིབ་ཀྱི་རྣམ་གྲངས་ཐོག་མ་རེད། བརྟག་དཔྱད་ཁྱབ་ཁོངས་དེ་རྨ་ཙོང་ཀླུང་ཐང་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་རིམ་སོགས་ས་ཁོངས་ཀྱི་རྡོ་ཆས་རྙིང་མའི་ཤུལ་བཞག་རེད།

   བརྟག་དཔྱད་བྱེད་རིང་། གནའ་རྫས་རྟོག་ཞིབ་པས་ས་རིམ་རིག་པའི་ལྟ་ཞིབ་ཚད་ལེན་དང་། GPS(གོ་ལ་ཧྲིལ་པོའི་སྲུང་སྐར་ངེས་གནས་མ་ལག)གནས་གཏན་འཁེལ།  གྲངས་འཛིན་གྱི་བརྙན་པར་འཚོལ་བསྡུ་སོགས་ཆེད་ལས་ལག་རྩལ་གྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེ་ས་ཁོངས་ནང་གི་ས་དབྱིབས་ཆགས་ཚུལ་དང་། རིག་གནས་ཤུལ་བཞག ས་རིམ་ཕུང་གསོག་ཐེབས་ཚུལ་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས། ཐེངས་འདིའི་རྟོག་ཞིབ་ཁྲོད་གསར་དུ་རྙེད་པའི་ཤུལ་རྗེས་ལ་གཙོ་བོ་ཆུ་བོའི་ས་རིམ་དང་། རི་འདབས་ཀྱི་རི་ལྡེབས།  རང་བྱུང་བྲག་ཕུག ས་སྒང་ལ་སོགས་ཡོད་པ་དང་། དེ་ལས་རྡོ་སྙིང་དང་། རྡོ་ལེབ། གཏུབ་ཆས། འཇོར་སོགས་རྡོ་ཆས་དང་དེ་བཞིན་སྲོག་ཆགས་ཀྱི་རུས་སྒྲོམ་དང་། རྫ་ལེབ། སོལ་ཕྱེ་དང་ས་བསྲེགས་ཤུལ་སོགས་ལྷན་སྐྱེས་ཀྱི་ཤུལ་བཞག་འཚོལ་བསྡུ་བྱས་ཡོད།

དེའི་ནང་སྟོང་སྐོར་རྫོང་གི་ས་ཁོངས་སུ་རྡོ་ཆས་བཟོ་ཡུལ་དེ་ལས་སྟོང་སྐོར་རྫོང་གི་ས་ཁོངས་སུ་རྡོ་ཆས་བཟོས་ཤུལ་དུ་མ་ཞིག་རྙེད་པ་དང་། རྒྱ་མདོ་རྫོང་ཁུངས་སུ་གནའ་མིའི་འཚོ་གནས་ཁོར་ཡུག་དང་། བྱེད་སྒོ་སྤེལ་སྟངས་དེ་བཞིན་མཐོ་སྒང་ལ་འཕྲོད་ཐབས་སུ་ཞིབ་འཇུག་བྱ་ཆེད་ཁུངས་སྣེ་གསར་པ་མཁོ་འདོན་བྱས་ཡོད།

གནའ་རྫས་རྟོག་ཞིབ་ཆེད་མཁས་པ་འདི་སྐད། ཐེངས་འདིའི་ཆེད་དོན་བརྟག་དཔྱད་ཀྱིས་མཚོ་སྔོན་ཤར་རྒྱུད་ས་ཁུལ་གྱི་བསྐལ་བ་ཡ་ཐོག་གི་གནའ་ཤུལ་ཁྱབ་ཚུལ་སྔར་བས་གསལ་པོ་བཟོས་ཏེ། ས་ཁོངས་ཁག་ཅིག་གི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་སྟོང་ཆ་བསྐངས་ཡོད་པས། མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་མ་ལག་གསར་གཏོད་དང་། གནའ་བོའི་མིའི་རིགས་ཀྱི་སྐྱས་འདེགས་ཁྱབ་ཁོངས་དང་ས་ཁོངས་རིག་གནས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།