ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གིས་གཙོ་གཞི་དོ་དམ་དང་། ཞིན་ཧྭ་དཔེ་སྐྲུན་ཁང་གིས་གཙོ་སྒྲུབ་བྱེད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང》རྩོམ་སྒྲིག་པུའུ་ཡིས་རྩོམ་སྒྲིག་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང2025》(གཤམ་དུ《ཀྲུང་གོའི་ལོ་རིམ་མེ་ལོང2025》ཞེས་བསྡུ་རྒྱུ)ཡི་རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞི་ཉེ་ཆར་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱས།
《ཀྲུང་གོའི་ལོ་རིམ་མེ་ལོང2025》ཞེས་པའི་རྒྱ་ཡིག་པར་གཞིའི་ནང2024ལོའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་གི་དོན་ཆེན་དང་བྱ་བ་གལ་ཆེན་དག་དོན་དངོས་དང་མཐུན་པར་ཟིན་ཐོར་བཀོད་ཡོད་པ་དང་། རྒྱལ་ཁབ་སྒྲིག་གཞི་དང་རྒྱལ་སྲུང་། ཕྱི་འབྲེལ། དཔལ་འབྱོར་སྤྱིའི་རིགས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སོགས་རིགས་སྣ36བཙུགས་ཡོད་པ་དང་། ཡིག་འབྲུ་ཁྲི240ལྷག་ཡོད་ལ། ལོ་རྒྱུས་དཔྱད་གཞིའི་རིན་ཐང་ལྡན་པའི་པར་རིས100ལྷག་ཉར་བསྡུ་བྱས་ཡོད།
《ཀྲུང་གོའི་ལོ་རིམ་མེ་ལོང2025》ཞེས་པའི་དབྱིན་ཡིག་པར་གཞིའི་ནང་རྒྱལ་ཁབ་ཀྱི་གནས་ཚུལ་གནད་བསྡུས་དང་། ཀྲུང་གོའི་སྲིད་ཏང་ལམ་ལུགས། རྒྱལ་ཁབ་ཀྱི་སྒྲིག་གཞི། ད་ལྟའི་ཀྲུང་གོ། ལོ་འཁོར་ཆེད་བསྒྲིགས། གསར་འགྱུར་པར་རིས། དོན་ཆེན་ཟིན་ཐོ། ཟུར་བཀོད། དཀར་ཆག་སོགས་ཚུད་ཡོད་པ་དང་། ཡིག་འབྲུ་ཁྲི100ལྷག་ཡོད་པའི་ནང་ལོ་རྒྱུས་དཔྱད་གཞིའི་རིན་ཐང་ལྡན་པའི་པར་རིས100ལྷག་ཉར་སྡུད་བྱས་ཡོད། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོའི་བེད་སྤྱོད་ཀྱི་ཚུར་ལན་དང་དཔེ་ཀློག་གི་དགོས་མཁོ་དེ་བས་ལེགས་པོའི་སྒོ་ནས་དང་ལེན་བྱ་ཆེད།《ཀྲུང་གོའི་ལོ་རིམ་མེ་ལོང2025》ཞེས་པའི་དབྱིན་ཡིག་པར་གཞི་ལ་ཅུང་ཙམ་བཟོ་བཅོས་བརྒྱབ་ཡོད།
《ཀྲུང་གོའི་ལོ་རིམ་མེ་ལོང》ནི་མིག་སྔར་རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང་ཁོ་ན་དེ་ཡིན་པ་དང་། 1981ལོར་དཔེ་སྐྲུན་བྱས་པ་ནས་བཟུང་། བསྟུད་མར་དེབ45དཔེ་སྐྲུན་བྱས་ཡོད། དེའི་ནང་དོན་ཞིབ་ཅིང་ཕྲ་བ་དང་། དཔྱད་གཞི་ཆ་ཚང་བ། དབང་གྲགས་གྲངས་གཞི་བཅས་ཡོད་པས། རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་ལས་ཚན་པ། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་སྒྲིག་གཞི། མཐོ་རིམ་སློབ་གླིང་སོགས་ཀྱིས་ཀྲུང་གོར་ཤེས་རྟོགས་དང་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ལག་ཆའི་དཔེ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་གོའི་ལོ་རིམ་མེ་ལོང2024》ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་པར་གཞི་རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་གྲགས་ཅན་གྱི་དཔེ་མཛོད་ཁང་བརྒྱ་ཙམ་གྱིས་ཉར་ཚགས་བྱས་པར་ཚུར་སྣང་ལན་ཆ་བཟང་པོ་ཐོབ་ཡོད། །