
ཟླ6པའི་ཚེས13ཉིན་ནི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་ལ། མགོ་ལོག་ཁུལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དང་རིག་གནས་ཤུལ་བཞག་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་སྤེལ་མགོ་ཚུགས་ཤིང་། ཐེངས་འདིའི་བྱེད་སྒོས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་མི་རིགས་རིག་གནས་དར་སྤེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ་མཐོ་སྒང་གི་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས།
ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ30ཡི་ཐོག་མགོ་ཚུགས་མཛད་སྒོ་སྤེལ་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་དངོས་སུ་སྤེལ། མགོ་ཚུགས་མཛད་སྒོའི་སྟེང་འཁྲབ་སྟོན་དང་གེ་སར་སྒྲུང་བཤད་པ་སོགས་ཀྱི་བྱེད་ཐབས་ཟུང་འབྲེལ་བྱས་ཏེ་གསོན་ཉམས་ལྡན་པའི་སྒོ་ནས་གེ་སར་རིག་གནས་རྒྱུན་འཛིན་གྱི་རྣམ་པ་སླར་གསོ་བྱས། སྙན་འཇེབས་ལྡན་པའི་གནའ་བོའི་གེ་སར་ལོ་རྒྱུས་སྙན་ངག་གྱེར་འདོན་དང་། འཁྲབ་སྟོན་པས་ངག་ཐོག་ནས་བརྗོད་པ་དང་ཡུལ་དངོས་སུ་འཁྲབ་སྟོན་བྱེད་པ་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ། ས་གནས་དེ་གའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཐད་ཀར་མངོན་ནས་ཡུལ་དངོས་མང་ཚོགས་ཀྱིས་གེ་སར་རིག་གནས་ལ་རོལ་མྱོང་བྱས།
ཐེངས་འདིའི་བྱེད་སྒོ་ནི་ས་གནས་དེ་གའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་དམངས་སྲོལ་རིག་གནས་ལ་སྔར་ལས་གསོན་ཤུགས་རྒྱས་པར་བྱེད་པ་དམིགས་འབེན་དུ་བཟུང་སྟེ། མཐོ་སྒང་གི་ཤུལ་བཞག་རིག་གནས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པ་ཞིག་རེད། བྱེད་སྒོའི་ཡུལ་དངོས་སུ་མགོ་ལོག་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་མི་སྣས་གཅིག་སྒྲིལ་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞིའི་འཐུས་མི་དང་གསར་དུ་བདམས་ཐོན་བྱུང་བའི་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་སོགས་ལ་དཔང་ཡིག་སྤྲད་དེ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཚོགས་སྤྱིའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་བཏང་།
བྱེད་སྒོའི་ཡུལ་དངོས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་དང་། ཁྱད་ལྡན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚོང་ཁྲོམ། དེ་བཞིན་རིག་གནས་ཉམས་ལེན་སོགས་སྣ་མང་གི་ལེ་ཚན་དུས་གཅིག་ཏུ་སྤེལ་བ་དང་། བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་པས་ལྟད་མོ་པ་དང་ཡུལ་སྐོར་པའི་དགའ་བསུ་ཐོབ་ཅིང་། ཚང་མ་དེའི་ནང་ཞུགས་ནས་མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས་མྱོང་རོལ་བྱེད་བཞིན་ཡོད། གར་སྟེགས་ཐོག་ལོ་བརྒྱའི་དམངས་ཁྲོད་ཞབས་བྲོ《མགོ་ལོག.ཤུལ་བཞག་ཞབས་བྲོ》དང་།《གེ་སར་རྒྱལ་པོ》ཞེས་པའི་ལོ་རྒྱུས་སྙན་ངག་གྱེར་འདོན། སྒྲ་སྙན་རྡུང་ལེན་སོགས་ཁྱད་ལྡན་ལེ་ཚན་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་པས་དམངས་སྲོལ་གྱི་རྣམ་པ་གསོན་ཉམས་དོད་པོའི་སྒོ་ནས་འཁྲབ་སྟོན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་ལོ་རྒྱུས་ཀྱི་དྲན་ཤེས་ཟབ་མོ་དང་རིག་གནས་ཀྱི་བརྩེ་དུང་ཟབ་མོ་མཚོན་པར་བྱས། མི་རབས་ནས་མི་རབས་བར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་ལག་རྩལ་ཞིབ་ཚགས་ངང་སྦྱངས་ནས་མི་རིགས་ཀྱི་གནའ་བོའི་སྒྱུ་རྩལ་རྒྱུན་མཐུད་ངང་སྐྱེ་སྟོབས་གསར་པ་འཕེལ་བར་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ནང་དུ་གེ་སར་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་། རྒྱུན་འཛིན་མ་ལག་ཆ་ཚང་ཤོས་ཀྱི་ལྟེ་བའི་ས་ཁོངས་ཤིག་ཡིན། ས་གནས་དེ་གས་ལོ་རྒྱུས་ཀྱི་གསོག་འཇོག་གཏིང་ཟབ་པ་དང་། རྒྱུན་འཛིན་གྱི་གནས་སྟངས་ལེགས་པ། རིག་གནས་ཀྱི་རིན་ཐང་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་རྣམ་པར་དམིགས་ཏེ། རྒྱུན་འཛིན་མ་ལག་ལྡན་པའི་སྒོ་ནས་སྲུང་སྐྱོང་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་། 2025ལོའི་ཟླ12པའི་ཟླ་མཇུག་བར། སྐྱེ་ཁམས་སྲུང་སྐྱོང་ཁུལ་དེར་རིགས་ཆེན་པོ10ཡི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས651འདུས་ཡོད་པ་དང་། རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ805ཡོད་པ་དང་། ཕྱོགས་ཡོངས་དང་རིམ་པ་མང་བའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད། །