མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སེ་ལེ་ཐང་གྲོང་རྡལ་གྱིས་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། རྫོང་ཁོངས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་པ་དང། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཧོར་སྐོར་སྡེ་བའི་ནགས་གླ་གསོ་སྤེལ་བྱེད་པའི་ཐོན་ལས་འཕེལ་རྒྱས་བཏང་ནས། གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་པ་རེད།

ནགས་གླ་གསོ་སྤེལ་རྟེན་གཞིའི་ལས་བཟོ་པས་གཟན་རྩྭ་གྲ་སྒྲིག་བྱེད་བཞིན་པའི་ཚུལ།
པད་མ་རྫོང་གི་ཧོར་སྐོར་སྡེ་བའི་ནགས་གླ་གསོ་སྤེལ་རྟེན་གཞིའི་ནང་དུ་སྒྲིག་ཆས་ཆ་ཚང་ཞིང་། ཕོ་གླ་དང་མོ་གླའི་དབྱེ་བ་གསལ་པོ་ཡོད་པ་དང་། ལྟ་སྐུལ་ཚོད་འཛིན་དང་། དུག་སེལ། ལོགས་བཀར། སྨན་རྫས་སོགས་ཀྱི་བྱེད་ནུས་ཁུལ་དགར་ཡོད་པར་མ་ཟད། གསོ་སྤེལ་ཁོར་ཡུག་ཚན་རིག་དང་མཐུན་པས་ཚད་དང་ལྡན་པ་ཞིག་རེད། ནགས་གླ་ནི་མ་གཞི་ནས་འཇིགས་སྣང་ཆེ་ཞིང་། འཚོ་གནས་ཁོར་ཡུག་ལ་ཆ་རྐྱེན་ལེགས་པོ་ལྡན་དགོས་པས་ལས་བྱེད་མི་སྣས་ཉིན་ལྟར་ཤིང་ལོ་དང་། ལ་སེར་སོགས་ཀྱི་ཟས་རིགས་སྟེར་བ་དང་། དུས་རྒྱུན་དུ་སྐོར་ཞིབ་སྲུང་སྐྱོང་བྱས་ཏེ། ནགས་གླའི་སྐྱེ་འཕེལ་ལ་སེམས་ཞིབ་མོས་འགན་སྲུང་བྱེད་བཞིན་ཡོད།
ནགས་གླ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། ནགས་གླ་ལས་ཐོན་པའི་གླ་རྩི་ནི་ཀྲུང་བོད་སྨན་རྫས་རྩ་ཆེན་དང་མཐོ་རིམ་དྲི་ཞིམ་བྱུགས་རྫས་ཤིག་ཡིན་པས། ཚོང་རར་རིན་ཐང་ཧ་ཅང་མཐོ། པད་མ་རྫོང་གིས་ནགས་གླ་ནང་འདྲེན་བྱས་ཏེ། ཀུང་སི་དང་མཉམ་ལས་ཁང་། འབྲོག་ཁྱིམ་བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་གསོ་སྤེལ་ཐོན་ལས་འཕེལ་རྒྱས་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས།

ནགས་གླ་གསོ་སྤེལ་རྟེན་གཞིའི་ལས་བཟོ་པས་གཟན་ཆས་སྟེར་བཞིན་པའི་ཚུལ།
ལས་གཞི་འདི2022ལོ་ནས2025ལོའི་བར་ཐོན་ལས་གསོ་སྐྱོང་དུས་སྐབས་སུ་གནས་པ་དང་། གསོ་སྐྱོང་དུས་ཡུན་མཇུག་རྫོགས་རྗེས་ཁེ་གཙང་ཡོང་འབབ30%སྡེ་བའི་ཐུན་མོང་ལ་དབང་ཞིང་། 50%གཉེར་སྐྱོང་ཁེ་ལས་ལ་དབང་བ། 20%ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་དུ་བརྩིས་ནས་མུ་མཐུད་དུ་གསོ་སྤེལ་འཕེལ་རྒྱས་ཐད་བཀོལ་རྒྱུ་ཡོད། རྟེན་གཞི་དེས་ཧྲའན་ཞི་ནས་ནགས་ཀྱི་ཕོ་གླ་མོ་གླ30ནང་འདྲེན་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་དང་རྒྱུད་སྤེལ་བྱས་པ་བརྒྱུད་ད་ལྟ་གསོ་སྤེལ་ཐད་འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
མིག་སྔར་ཐོན་ལས་འདི་ལ་དངོས་ཡོད་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་བཤད་དཀའ་ན་ཡང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། གླ་རྩིའི་ཁྲོམ་རའི་རིན་གོང་མཐོ་བ་དང་གླ་རྩི་ཐོན་ཚད་ལས་ལོ་རེར་ཡོང་འབབ་ཡག་པོ་ཡོང་ཐུབ་པས་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན། 2024ལོ་དང2025ལོའི་བར་གླ་རྩི་ཐེངས་གཉིས་ལ་བླངས་པ་དང་། བསྡོམས་པས་གླ་རྩི་ཁེ232ལྷག་བླངས། གསོ་སྤེལ་གྱི་ཕན་འབྲས་རིམ་བཞིན་མཐོ་རུ་ཕྱིན་ནས། 2025ལོར་རྟེན་གཞིས་གླ་ཕྲུག4གསོ་སྐྱོང་བྱས་པ་དང་། 2026ལོར་གླ་ཕྲུག9གསོ་སྐྱོང་བྱས་པས། གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ཉེ་བའི་ལོ་ཤས་རིང་། པད་མ་རྫོང་གིས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས། ནགས་གླ་གསོ་སྤེལ་བྱེད་པ་དང་མཉམ་དུ། ནོར་ནག་དང་། ཤྭ་བ་ཁྲ་རིས་སོགས་ཁྱད་ལྡན་གསོ་སྤེལ་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ཐོན་ལས་ཅན་གྱི་ལས་གཞི་སྡེ་བ་རིམ་པར་ཁྱབ་པར་བྱས་ཏེ། ས་གནས་ཀྱི་སྐྱེ་ཁམས་ཕྱུགས་ལས་གཞི་ཁྱོན་ཅན་དང་རིམ་པ་སྤོ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་ཕྱུག་འགྱུར་ཐད་རྨང་གཞི་བརྟན་པོ་བཏིང་ཡོད། །