ཚྭ་འདམ་ཆེ་བའི་ཡོམ་ཁུལ་གྱི་མཛེས་ལྗོངས་ཁུལ་ཚང་མ་གནས་སྐབས་སྒོ་བརྒྱབ་པ་དང་། མཚོ་ནུབ་ཁུལ་གྱིས་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་བདེ་འཇགས་ལ་གྲལ་བཤེར་ཆེན་པོ་བྱེད་མགོ་བརྩམས་པ།
ཟླ6པའི་ཚེས17ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། 2026ལོའི་ཟླ6ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ06ཐོག་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་ས་ཁུལ་དུ་ས་ཡོམ་རིམ་པ6.3བྱུང་བས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་དང་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ལས་བྱུང་པའི་བདེ་འཇགས་ལས་འཛོལ་ནན་འགོག་བྱ་ཆེད། མིག་སྔར་ས་གནས་སྲིད་གཞུང་གིས་མཛེས་ལྗོངས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་དང་འཕྲལ་སྡོམ་ཉེན་སེལ་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ།
མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་ཚྭ་འདམ་ཆེ་བའི་ཡོམ་ཁུལ་གྱི་མཛེས་ལྗོངས་ཁུལ་གནས་སྐབས་སུ་སྒོ་བརྒྱབ་བའི་སྐོར་གྱི་བརྡ་ཐོ་བཏང་།
གཅིག 2026ལོའི་ཟླ6པའི་ཚེས17ཉིན་ནས་བཟུང་། ཚྭ་འདམ་ཆེ་བའི་ཁོངས་གཏོགས་ཁུལ་གྱི་མར་གད་མཚོ་དང་། ཆུ་ཐོག་ཡཱ་ཏེན། གངས་རིའི་ཆུ་ཚན། བྲག་དམར་སྐར་མ་མིག་དམར་གྱི་ས་དབྱིབས་སོགས་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་མགྲོན་ཁང་། གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས། དེ་བཞིན་ཡུལ་སྐོར་གཉེར་སྐྱོང་ཚོང་དུད་བཅས་སྣེ་ལེན་ལས་སྒོ་གཉེར་མཚམས་བཞག་པ་དང་། ཐེངས་འདིའི་ལས་སྒོ་གཉེར་མཚམས་འཇོག་པ་དེ་ལྗོངས་ཁུལ་ཡོངས་ཀྱི་གནས་སྐབས་སུ་སྒོ་རྒྱག་པ་དང་ལྗོངས་ཁུལ་ཡོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཙང་སེལ་མཐར་ཕྱིན་བྱས་རྗེས། འཕྲལ་སྡོམ་དང་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་གཞི་ལོན་རྗེས་སུ་གཞི་ནས་ཕྱི་ཕྱོགས་སྒོ་འབྱེད་དང་གཉེར་སྐྱོང་སླར་གསོ་བྱེད་ཆོག་པ་དང་། སླར་ལས་གཉེར་གྱི་དུས་ཚོད་ཞིབ་ཕྲ་གཞུང་ཕྱོགས་ཀྱིས་བརྡ་ཁྱབ་གཏོང་རྒྱུ།
གཉིས། ཚྭ་འདམ་ཆེ་བའི་ས་ཁུལ་དུ་ཡུལ་སྐོར་བྱེད་པར་འགྲོ་རྩིས་ཡོད་པའི་ཡུལ་སྐོར་བས་འཕྲལ་མར་འགྲོ་སྐྱོད་བྱེད་མཚམས་འཇོག་པ་དང་། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་སུ་གཏན་ནས་འགྲོ་མི་རུང་། ཡུལ་སྐོར་ལས་དོན་ཁང་སོ་སོས་ཡོམ་ཁུལ་གྱི་འཕྲལ་སྡོམ་ཐག་གཅོད་དང་དེ་བཞིན་འགྲོ་ལམ་ཤར་གཏོང་གི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཏེ་ཡུལ་སྐོར་གྱི་ཕྱིར་སྐྱོད་ལམ་ཐིག་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། ཚྭ་འདམ་ཆེ་བའི་ཡོམ་ཁུལ་གྱི་འགྲོ་ལམ་དང་། མཛེས་ལྗོངས་ཁུལ། དེ་བཞིན་རིག་གནས་ཡུལ་སྐོར་ས་ཚིགས་བཅས་ལས་གཡོལ་དགོས་པ་དང་། ཚོགས་པ་སྒྲིག་འཛུགས་བྱས་ནས་ཡོམ་ཁུལ་དུ་བསྐྱོད་དེ་ཡུལ་སྐོར་བྱེད་སྒོ་གང་རུང་སྤེལ་རྒྱུ་གཏན་འགོག་བཅས་བྱས་ཏེ་ཡུལ་སྐོར་བདེ་འཇགས་ཀྱི་ཉེན་ཁ་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས།
གསུམ། ཡོམ་ཁུལ་དུ་ལུས་པའི་ཡུལ་སྐོར་བས་ས་གནས་དེའི་སྤྱི་བདེ་དང་། འཕྲལ་སྡོམ། རིག་གནས་ཡུལ་སྐོར་བཅས་ཀྱི་ལས་བྱེད་མི་སྣའི་གཅིག་གྱུར་བཀོད་གཏོང་དང་ལེན་བྱས་ཏེ། གཞུང་ཕྱོགས་ཀྱིས་དམིགས་འཛུགས་བྱས་པའི་བདེ་འཇགས་ཕྱིར་འཐེན་ལམ་ཐིག་གཞིར་བཟུང་ནས་གོ་རིམ་ལྡན་པའི་ངང་ཡོམ་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པ་དང་། ཕྱིར་འཐེན་བྱས་རྗེས་མི་སྣ་ཚང་མས་རང་དགར་ཡོམ་ཁུལ་དུ་ལོག་མི་ཆོག་པ་དང་། རྡོ་ལྷུང་བ་དང་གཞུང་ལམ་རྡིབ་པ་སོགས་ཞོར་ཐོན་གནོད་འཚེ་མི་འབྱུང་པ་བྱེད་དགོས།
བཞི། དྲ་ཐོག་དང་ཡུལ་དངོས་ཀྱི་ཐབས་ལམ་བརྒྱུད་ཚྭ་འདམ་ཆེ་བའི་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་། ཡུལ་སྐོར་སྤ་སེ། དེ་བཞིན་འབྲེལ་ཡོད་ཡུལ་སྐོར་ཐོན་རྫས་བཅས་ཉོ་སྒྲུབ་བྱས་པའི་ཡུལ་སྐོར་བར་ཐད་ཀར་དེ་སྔའི་སྤ་སེ་ཉོ་བའི་ཐབས་ལམ་བརྒྱུད་རིན་མེད་ངང་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་གཉེར་ཆོག་པ་དང་། ཐེངས་འདིའི་ཕྱིར་སློག་དང་ལེགས་བཅོས་ཀྱི་འགྲོ་ལུགས་གཉེར་བའི་འགྲོ་གྲོན་དང་དེ་བཞིན་ཁ་ཆད་ལས་འགལ་བའི་དངུལ་གང་ཡང་མི་བསྡུ་བར་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས།
ལྔ། རྒྱ་ཆེའི་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བས་རང་རྟོགས་ངང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་དང་འཕྲལ་སྡོམ་ཐག་གཅོད། མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་སླར་གསོ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཚང་མ་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ནང་དོན་ཚད་གཞིར་འཛིན་དགོས་པ་ལས། དྲ་ཐོག་གི་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་བརྒྱུད་སྒྲོག་གཏན་ནས་བྱེད་མི་རུང་བ་དང་དྲ་རྒྱའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཐུན་མོང་སྒོས་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཡུལ་སྐོར་བའི་འཕྲལ་སྡོམ་རོགས་སྐྱོབ་ཞབས་ཞུ་ཡག་པོ་བྱ་ཆེད། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུའུ་ཡི་རིག་གནས་ཡུལ་སྐོར་འཕྲལ་སྡོམ་ཁ་པར(0977-8225950)ཆུ་ཚོད24རིང་ལ་ལས་རེས་བྱེད་བཞིན་ཡོད་པས། ཡུལ་སྐོར་པ་དང་དེ་བཞིན་ཡུལ་སྐོར་ལས་ཀ་བྱེད་མཁན་ལ་གལ་སྲིད་རོགས་སྐྱོབ་ཀྱི་དགོས་མཁོ་ཡོད་ཚེ་དུས་ཐོག་ཏུ་ལས་རེས་ཁ་པར་འདིར་འབྲེལ་བ་བྱས་ཆོག