ཟླ6པའི་ཚེས16ཉིན་གྱི་དགོང་མོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བའི་ཚད་རིམ་དྲུག་གྲངས་ཆུང་གསུམ་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་དུས་ཐོག་ཏུ་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཡུལ་དངོས་ཀྱི་རྒུད་སྐྱོབ་གནས་ཚུལ་ཐད་ཀྱི་སྙན་ཞུར་ཉན་པ་མ་ཟད། ཡོམ་འགོག་རྒུད་སྐྱོབ་བྱ་བར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས།
ས་ཡོམ་བྱུང་རྗེས། མཚོ་ནུབ་ཁུལ་གྱི་གོང་འོག་ཚང་མས་ཡོམ་འགོག་རྒུད་སྐྱོབ་བྱ་བ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་དང་དོན་ཆེན་གཙོ་བོར་བརྩིས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་པ་དང་། བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་སྣ་ཚོགས་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་ནས། ནུས་ཤུགས་ཡོད་རྒུས་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབས།
མཚོ་ནུབ་ཁུལ་གྱིས་བཀོད་འདོམས་སྡེ་ཁག་གི་ནུས་པ་ཆོད་ཆེའི་འདོན་སྤེལ་བྱས་པ་དང་། གཅིག་གྱུར་བཀོད་འདོམས་དང་ཁྱད་ཡོན་གཉིས་ལྡན། ཕྱོགས་གཉིས་མཐུན་སྦྱོར། གོང་འོག་མཉམ་འགུལ་བཅས་ཀྱི་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་རྐྱེན་སྲོལ་བཙུགས་ཏེ་རྒུད་སྐྱོབ་བྱ་བའི་བཀའ་རྒྱ་གེགས་མེད་ཡོང་བ་དང་བཀོད་གཏོང་གོ་རིམ་ལྡན་པ། དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་བྱས།
མཚོ་ནུབ་ཁུལ་གྱིས་ཡང་བསྐྱར་སྐོར་དང་པོའི་ཡོམ་ཁུལ་མི་སྣའི་ཞིབ་བཤེར་བྱ་བ་སྤེལ་ཏེ་གཏེར་རི་དང་ལྗོངས་ཁུལ། སློབ་གྲྭ། གཞིས་ཁུལ་རྙིང་བ། དམངས་ཁང་། སྤྱི་པའི་བཟོ་བཀོད་སོགས་གཙོར་བཟུང་ནས་ཞིབ་བཤེར་བྱས་ཏེ་ཉེན་ཁང་དུ་མི་འདུག་པ་དང་མི་འགྲོ་བར་འགན་ལེན་བྱེད་རྒྱུ་ཡིན་པ་དང་། དུས་ཐོག་ཏུ་སྡོད་ཁང་དང་བགྲོད་ལམ། ཟམ་པ། སྦུག་དྲ་སོགས་ཀྱི་གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེའི་གནས་ཚུལ་ལ་གནད་འཁེལ་ཞིབ་བཤེར་བྱས་ནས་གནོད་ཤུལ་བསྐྱར་སྐྲུན་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
དེ་དང་མཉམ་དུ། མཚོ་ནུབ་ཁུལ་གྱིས་ཡང་བསྐྱར་གནོད་འཚེ་འབྱུང་བའི་ཉེན་ཁར་འགོག་ཟོན་ནན་མོ་བྱས་ཏེ་ཆུ་མཛོད་དང་ཆུ་ལམ། ས་གཤིས་ཀྱི་གཟར་ངོས། འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་སོགས་གནས་གཙོ་བོར་དམིགས་ནས་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། མི་སྣ་ཤི་རྨས་ཀྱི་གནས་ཚུལ་གསར་པ་འབྱུང་རྒྱུར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་བདེ་འགོད་དང་ས་ཁུལ་དགར་བ། གནད་འཁེལ་གོ་རིམ་ལྡན་པའི་སྒོ་ནས་རྒུད་སྐྱོབ་དངོས་རྫས་མཁོ་འདོན། གནས་སྐབས་བདེ་འགོད་བྱ་ཡུལ་འཛུགས་པ། བཟའ་བཏུང་དང་སྡོད་ཁང་འགན་སྲུང་། འཕྲོད་བསྟེན་རིམས་འགོག་སོགས་བྱ་བ་ལེགས་པོར་བསྒྲུབ་ནས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བདེ་འཇགས་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ལ་སྲུང་སྐྱོང་བྱས་ཏེ། སྲང་ལམ་བདེ་སྲུང་དང་སྐོར་ཞིབ་འགོག་སྡོམ་ཇེ་དྲག་ཏུ་བཏང་ནས། ས་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོའི་སྒྲིག་ལམ་ལ་དོ་དམ་ནན་མོ་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས།