ཁྲོན་མཚོ་ལྕཊ་ལམ་ལས་རོང་བོ་ཕུག་ལམ་གྱི་ཨར་ལས་ལས་རིམ་གསར་པར་སླེབས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཁོན་ཐར་འཚོ།

 ཟླ6ཚེས15ཉིན། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ(མཚོ་སྔོན་ཁོངས)འཛུགས་སྐྲུན་ཕྱོགས་ནས་གནས་ཚུལ་གསར་བ་ཞིག་བསྒྲགས་འདུག  དེ་ནི་ལན་ཞིན་ལྕགས་ལམ་ཀན་ཆིན་ཚད་ཡོད་ཀུང་སི་དང་།  ཀྲུང་གོའི་འགྲིམ་འགྲུལ་མཁའ་འགྲིལ་ལས་དོན་དང་པོའི་བཟོ་སྐྲུན་ཅུས་ཚད་ཡོད་ཀུང་སི་བཅས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཁྲོན་མཚོ་ལྕགས་ལམ་གྱི་ལམ་རྟགས10བའི་མཚམས་ཀྱི་རོང་བོའི་ཕུག་ལམ་གྱི་ཕུག་ལམ་དང་པོ་དང་གཉིས་པའི་འཕྲེད་ཁུང་བདེ་བླག་ངང་བརྟོལ། དེ་ནི་ཁྲོན་མཚོ་ལྕགས་ལམ་གྱི་ལམ་རྟགས10བའི་ཁོངས་ཀྱི་ཕུག་ལམ་བརྟོལ་བའི་ཨར་ལས་ས་ཁོངས་ཡིན་ལ།  ལམ་རྟགས་དེའི་ཁོངས་ཀྱི་ཨར་སྐྲུན་གནད་འགག་གི་རིམ་པ་ཞིག་ལ་བསླེབས་པའི་རྟགས་མཚན་ཡང་རེད།

 རོང་བོ་ཕུག་ལམ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་དང་གཅན་ཚ་རྫོང་གཉིས་ཀྱི་མཚམས་ན་ཡོད་ཅིང་། ཕུག་ལམ་གྱི་འཛུལ་སྒོ་ཐུན་རེན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་མཁར་སྐྱ་སྡེ་བའི་ཤར་བྱང་གི་མཚམས་ན་ཡོད་པ་དང་། ཐོན་སྒོ་རོང་བོ་དགུ་ཆུའི་གཡས་འགྲམ་གྱི་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་དགུ་རོང་མཐིལ་སྡེ་བ་ན་ཡོད་ལ་ལམ་སྣེ་དགུ་ཆུ་ཟམ་ཆེན་ལ་སྦྲེལ་ཡོད། རོང་བོ་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི8125.25ཡོད་ཅིང་། དེ་ལས་སྨི5343.33མཚམས་ནི་ཀྲུང་གོའི་འགྲིམ་འགྲུལ་མཁའ་འགྲིལ་ལས་དོན་དང་པོའི་བཟོ་སྐྲུན་ཅུས་ཚད་ཡོད་ཀུང་སིས་ཨར་སྐྲུན་གྱི་འགན་ཁུར་ཡོད་ལ། ཐེངས་འདིར་བརྟོལ་བའི་ཕུག་ལམ་གྱི་རིང་ཚད་ལ་སྨི3150ཡོད་པ་རེད།

  རོང་བོ་ཕུག་ལམ་དང་པོ་ནས་གཉིས་པའི་འཕྲེད་ཁུང་བདེ་བླག་ངང་བརྟོལ་ཐུབ་ཆེད། འཛུགས་སྐྲུན་མཁན་གྱིས་ས་མཐོ་ཞིང་འགྲིམ་འགྲུལ་མི་བདེ་བ། ས་ཞིང་སྡུད་ལེན་དང་བཤིག་སྤོ་རྙོག་འཛིང་ཆེ་བ་ལ་སོགས་ཀྱི་དཀའ་ངལ་དུ་མ་ཁྱད་དུ་བསད་དེ། ཐོན་ཁུངས་བཀོད་སྒྲིག་མུ་མཐུད་དུ་ལེགས་སྒྱུར་བྱས་པ་དང་། མི་ཤུགས་དང་འཕྲུལ་ཆས། སྒྲིག་ཆས། བཟོ་སྐྲུན་རྒྱུ་དངོས་ལ་སོགས་ཨར་ལས་ཐོན་ཁུངས་སྣ་ཚོགས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ཨར་ལས་ཀྱི་དཀའ་ངལ་མང་པོ་ལེགས་པོར་སེལ་བ་བཅས་རོང་བོ་ཕུག་ལམ1པོ་ནས་གཉིས་བའི་བར་གྱི་འཕྲེད་ཁུང་བདེ་བླག་ངང་བརྟོལ་པར་རྨང་གཞི་བརྟན་པོ་བཏིངས་པ་མ་ཟད། ལས་གཞིའི་ཨར་སྐྲུན་གོ་རིམ་མ་འཆོལ་བའི་ངང་སྐུལ་འདེད་བཏང་ནས་ཨར་ལས་ཐོན་སྐྱེད་ཀྱི་ལས་འགན་སོ་སོ་ལེགས་འགྲུབ་ལ་ཡང་རྨང་གཞི་ལེགས་པོ་བཏིངས།

 ཨར་སྐྲུན་གྱི་གོ་རིམ་ཁྲོད་དུ་ལས་གཞིའི་ཨར་ལས་དཔུང་སྡེ་ཡིས་ལན་ཞིན་ལྕགས་ལམ་ལས་ཀན་ཆིན་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ཚད་གཞི་ཅན་དང་། རིག་ནུས་ཅན། ཆ་འཕྲིན་ཅན། ཁོར་ཡུག་དང་ཆུ་བོ་སྲུང་སྐྱོབ་བཅས་ཀྱི་ཐད་བཏོན་པའི་ཨར་ལས་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། རྩ་གསུམ་ལྟ་ཆས་དང་། དཔེ་དབྱིབས་འདྲ་བཟོ། ཆ་འཕྲིན་བསྡུ་སྒྲིལ་བཅས་ཀྱི་ལག་རྩལ་ནང་འདྲེན་ཧུར་ཐག་བྱས་ཐོག BIMཡི(བཟོ་སྐྲུན་གྱི་ཆ་འཕྲིན་དཔེ་དབྱིབས)བཟོ་སྐྲུན་གྲངས་ཀ་ཅན་དུ་འགྱུར་བའི་སྟེགས་བུ་བཙུགས་པ་དང་། དེ་དང་འབྲེལ་ནས་བཟོ་རྩལ་བཟོ་སྟངས་ཚད་ལྡན་ལ་བརྩི་སྲུང་ནན་མོ་བྱས་ཏེ། བཟོ་རྩལ་དང་ལས་གོས་སོགས་ཆ་ནས་བདེ་འཇགས་དང་སྤུས་ཚད་ལ་ཁག་ཐེག་ཐུབ་པ་སྔོན་དུ་བཏང་ནས་ལས་གཞི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ།

  རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་རྒྱ་སྟེ“གཞུང་བརྒྱད་འཕྲེད་བརྒྱད”ལས་ལན་ཀྲོའུ(ཟི་ལིང)ནས་ཀོང་ཀྲོའུ་བར་གྱི་གཞུང་བརྒལ་ལྕགས་ལམ་གཙོ་བོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཁྲོན་མཚོ་ལྕགས་ལམ་གྱི་འཛུགས་སྐྲུན་ལ་དོན་སྙིང་ཆེན་པོ་ལྡན། ལས་གཞི་དེའི་ལམ་ཐག་ཡོངས་སུ་མེ་འཁོར་ཤར་གཏོང་བྱས་རྗེས། “དར་གོས་ཚོང་ལམ་དཔལ་འབྱོར་ཁུལ”དང“མཚོ་ཐོག་དར་གོས་ཚོང་ལམ”གཉིས་མཐུད་རྒྱུ་ཡིན་པས་ས་ཁོངས་ཀྱི་འགྲིམ་འགྲུལ་ལམ་དྲ་སྔར་ལས་ཡངས་པོར་བཟོ་ཐུབ་པ་དང་། ལམ་རྒྱུད་དུ་འཚོ་ཞིང་གནས་པའི་མང་ཚོགས་ཀྱི་འགྲོ་འོང་ཆ་རྐྱེན་ཇེ་ལེགས་དང་འགྲོ་སྐྱོད་སྟབས་བདེར་གཏོང་ཐུབ་པ་དང་ཆབས་ཅིག  ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་སྐུལ་ཁྲིད་དང་། ཞིང་གྲོང་ཁྱོན་ཡོངས་ནས་འཛུགས་སྐྲུན་དར་སྤེལ་ལ་རམ་འདེགས་ཐུབ་པ་བཅས་ས་ཁོངས་མཉམ་སྤེལ་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྩལ་ཐུབ་བོ། །

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།