མཚོ་ནུབ་ཁུལ་དུ་ཚད་རིམ6.3གྱི་ས་ཡོམ་བྱུང་རྗེས་ཀྱི་མཚན་མོར། རྒུད་སྐྱོབ་ཐག་གཅོད་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཏེ། གནོད་ཐེབས་མང་ཚོགས་བདེ་འཇགས་ངང་ཞག་སྡོད་བྱེད་པར་འགན་ལེན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བར་ཚད་རིམ6.3གྱི་ས་ཡོམ་བྱུང་རྗེས། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་རྒུད་སྐྱོབ་ཐག་གཅོད་བྱ་བ་ནུས་ཤུགས་ཡོད་རྒུས་བསྒྲུབས་ཏེ། སྐོར་ཐེངས་གཉིས་ལ་མི་སྣ་ཡོངས་སུ་གྲལ་བཤེར་བྱས་པ་བརྒྱུད། ཟླ6པའི་ཚེ16ཉིན་གྱི་ཆུ་ཚོད23བར། ས་ཡོམ་ཁྲོམ་མི1རྐྱེན་ལམ་དུ་ཤོར་ཞིང་། མི8ལ་རྨས་སྐྱོན་ཕོག རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་རྗེས་སྨན་ཁང་ནས་ཕྱིར་བུད་ཟིན།

ཡོམ་འཕྲོ་དང་ཡོམ་རྗེས་ཀྱི་གནོད་འཚེ་ནུས་ལྡན་སྒོས་འགོག་ཟོན་བྱ་ཆེད། ས་གནས་དེ་གས་གཅིག་བསྡུས་བཀོད་སྒྲིག་ས་ཚུགས5བཀོད་སྒྲིག་བྱས་ཏེ། གནོད་ཐེབས་མང་ཚོགས3000འོས་འཚམ་གྱིས་བཀོད་སྒྲིག་བྱས། སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་གི་དགེ་སློབ1286སྔོན་ལ་བཀོད་སྒྲིག་གནས་སྤོ་བྱས། ཆུ་དང་སྟབས་བདེའི་ཟས་རིགས་འདང་ངེས་ཤིག་ཡོད་པ་མ་ཟད། གཉེན་ཉེ་དང་གྲོགས་པོ་ཚང་དུ་འགྲོ་བ་དང་གནས་གཞན་དུ་སྤོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གནོད་ཐེབས་མང་ཚོགས་རིམ་ལྡན་སྒོས་བཀོད་སྒྲིག་བྱས། ཡོམ་ལྟེ་མཐའ་འཁོར་གྱི་རྡོ་སོལ་གཏེར་ཁའི་ཁེ་ལས་ཀྱི་ལས་སྒྲུབ་པ་ཚང་མ་ཕྱིར་འཐེན་བྱས་པ་མ་ཟད་ཐོབ་ཐང་ཞིབ་བསྡུར་བྱས། ས་གནས་དེ་གའི་ལྗོངས་ཁུལ་གནས་སྐབས་སུ་སྒོ་བརྒྱབ་ཅིང་། ཡུལ་སྐོར་པ་བརྒྱ་ཆའི་དགུ་བཅུ་ཡན་ཆད་ན་གོར་མོ་དང་གཏེར་ལེན་ཁ་རུ་ཁག་བགོས་ནས་བཀོད་སྒྲིག་བྱས། ཚེས16ཉིན་གྱི་མཚན་མོ་ནས་ཚེས17ཉིན་ལ་ཡོམ་ཁུལ་དུ་ཆར་བ་བབས་ཏེ་གནས་གཤིས་ཅུང་འཁྱགས་པས། ས་གནས་དེ་གས་རྒན་རྒོན་དང་བྱིས་པ། སློབ་མ་སོགས་སྔོན་ལ་འགན་སྲུང་བྱས་ཏེ། རས་གུར་དང་མལ་ཁྲི། བལ་གདན། མལ་ཐུལ་སོགས་རོགས་སྐྱོབ་དངོས་ཟོག་དུས་ལྟར་གཤམ་སྤྲོད་བྱས་སྟབས། མང་ཚོགས་ཀྱི་སེམས་ཁམས་བདེ་ལ་བབས་ཡོད།  སློབ་གྲྭ་དང་སྨན་ཁང་། གཏེར་ཁྲོན། ཆུ་མཛོད། ལྕགས་ལམ། ཟམ་པ། ས་གཤིས་གནོད་འཚེའི་ཉེན་ཁའི་གནས་སོགས་གཙོ་གནད་གནས་ཡུལ་དང་འགག་རྩའི་གནས་ཡུལ་མགྱོགས་མྱུར་སྒོས་གྲལ་བཤེར་བྱས་ཏེ། ཉེན་ཁ་ཡོད་པ་དག་སེལ་བྱས། མཐའ་འཁོར་གྱི་གཏེར་སྙིགས་གསོག་མཛོད7ལ་སེར་ག་གས་པ་སོགས་ཀྱི་ཉེན་ཁ་མེད་པ་དང་།  ཡོམ་ཡོལ་གྱི་འགྲུལ་སྐྱེལ་མེ་འཁོར7རིམ་བཞིན་སླར་གསོ་བྱས། ཐོག་མའི་གྲལ་བཤེར་བརྒྱུད། ས་གནས་དེ་གའི་སྡོད་ཁང་མངོན་གསལ་གྱིས་བརྡིབས་མེད་ནའང་། སྡོད་ཁང་ཁག་ཅིག་ལ་སེར་ག་གས་འདུག

ད་སྔ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་ལ་ཀྲུང་དབྱང་རྒུད་སྐྱོབ་དངོས་ཟོག་ཁྲི1མཁོ་འདོན་བྱས་ཤིང་། ཞིང་ཆེན་དང་ཁུལ་རིམ་པ་གཉིས་ནས་རྒུད་སྐྱོབ་དངོས་ཟོག་ཁྲི2500མཁོ་འདོན་བྱས། ཡུལ་དངོས་སུ་རོགས་སྐྱོབ་པ1051དང་རླངས་འཁོར178བཀོད་སྒྲིག་བྱས་ཏེ། དངོས་ཟོག་གི་འགན་སྲུང་དང་རོགས་སྐྱོབ་སྟོབས་ཤུགས་འདང་ངེས་ཤིག་ཡོད།

ཚེས16ཉིན་གྱི་ཆུ་ཚོད22སྟེང་། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་གྲོགས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་རུ་བརྙན་ལམ་ནས་རོགས་སྐྱོབ་རྒུད་སྐྱོབ་ཀྱི་འཕེལ་རིམ་གསར་པར་ཉན་ཞིང་། སླད་ཕྱིན་གྱི་བྱ་བར་བཀོད་སྒྲིག་མཛད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།