མཚོ་ནུབ་ཁུལ་དུ་ཚད་རིམ6.3གྱི་ས་ཡོམ་བྱུང་རྗེས་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་དུས་དང་པོར་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་ནུབ་ཁུལ་དུ་ཚད་རིམ6.3གྱི་ས་ཡོམ་བྱུང་རྗེས་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་དུས་དང་པོར་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས་ཏེ།

ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས།

ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ06གི་སྟེང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བ་རུ་ཚད་རིམ6.3གྱི་ས་ཡོམ་བྱུང་། ས་ཡོམ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་འཕྲལ་མར་བླང་བྱ་བཏོན་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཞིབ་བསྡུར་བྱས་ཏེ། རྨས་སྐྱོན་ཕོག་པའི་མང་ཚོགས་སྐྱོབ་བཅོས་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་གང་ལེགས་བྱེད་དགོས། གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལྕགས་ལམ་དང་ཟམ་པ། རང་བྱུང་སོལ་རླངས། ཆུ་མཛོད་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་བཟོ་གཏེར་ཁེ་ལས་ཀྱི་བདེ་འཇགས་ཀྱི་བྱུར་རྐྱེན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཞོར་ཐོན་གནོད་འཚེ་འབྱུང་བར་དོགས་ཟོན་ནན་པོ་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་མུ་མཐུད་དུ་ཤུགས་བསྣན་ནས། དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་འདེབས་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་འཕྲལ་མར་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་ཡོམ་འགོག་རྒུད་སྐྱོབ་བྱ་བར་བརྙན་ལམ་ནས་བཀོད་གཏོང་བྱས་པ་དང་། ཞིང་ཆེན་གྱི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་གཉིས་འཚོགས་ནས། གནོད་འཚེའི་གནས་ཚུལ་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་དང་། བཀོད་འདོམས་མ་ལག་འཁོར་སྐྱོད་ནུས་ལྡན་དང་། མགོ་ཁྲིད་ལས་བྱེད་པས་ས་ཁུལ་དབྱེ་ནས་འགན་གཙང་ལེན་བྱེད་པ། རོགས་སྐྱོབ་སྟོབས་ཤུགས་ལུགས་མཐུན་ངང་བཀོད་སྒྲིག་བཅས་བྱེད་དགོས་པའི་བླང་བྱ་བཏོན། གནོད་འཚེའི་གནས་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བསྐྱར་ཞིབ་བྱས་ཏེ། ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། མི་སྣ་ཁ་འགྲེམས་བཀོད་སྒྲིག་དང་སེམས་ཁམས་ཁྲིད་སྟོན་ཡག་པོ་བྱས་ཏེ་རྒན་རྒོན་དང་བྱིས་པ་སྔོན་ལ་འགན་ལེན་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ས་ཡོད་པ་དང་། ཟ་མ་ཡོད་པ། ཆུ་འཐུང་རྒྱུ་ཡོད་པ། གྲང་ངར་མི་ཕོག་པ་བཅས་ལ་ཁག་ཐེག་བྱེད་དགོས། མང་ཚོགས་ཀྱི་དཀའ་ངལ་དུས་ཐོག་ཏུ་དོ་ཁུར་བྱས་ནས་དངོས་རྫས་གོ་རིམ་ལྡན་པའི་ངང་བགོ་བཤའ་རྒྱག་པ་དང་། འབྲིང་རྒྱུགས་སློབ་མ་ས་ཆ་གཞན་དུ་རྒྱུགས་སྤྲོད་པའི་ཇུས་གཞི་བཟོ་བ། རྒྱུགས་སྤྲོད་བདེ་བླག་ཡོང་བར་ཁག་ཐེག་བྱེད་དགོས། བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་པ་དང་། ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པ། འཕྲོད་བསྟེན་རིམས་འགོག་བྱེད་པའི་ལས་དོན་ལེགས་པར་བསྒྲུབ་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱེད་པར་ཡུལ་དངོས་སུ་སོང་བ་དང་། ཀྲུའུ་ཞང་ཧྥེང་བརྙན་འཕྲིན་བཀོད་འདོམས་ཁྲོད་ཞུགས། མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད18དང་སྐར་མ10ཡི་སྟེང་ཞིང་ཆེན་རིམ་པའི་ས་ཡོམ་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་བསྟུན་དང་ལེན་བྱེད་མགོ་བརྩམས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་བསྟུན་རོགས་སྐྱོབ་ཆེད་ལས་སྟོབས་ཤུགས་མྱུར་དུ་རྩ་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད།

མིག་སྔར་ས་ཡོམ་ཁྲོད་མི1རྐྱེན་ལམ་དུ་ཤོར་བ་དང་། མི8ལ་རྨས་སྐྱོན་ཕོག་པ་དང་། རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་རྗེས་སྨན་ཁང་ནས་བུད་ཡོད། ཐེངས་འདིའི་ས་ཡོམ་ཉེ་འགྲམ་གྱི་སྤྱི་ལེ50ཚུན་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་འདོན། ཆུ་མཁོ་འདོན། སོལ་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད། མཐའ་འཁོར་གྱི་གཏེར་སྙིགས་མཛོད7ལ་གས་སྲུབས་སོགས་ཉེན་ཁ་བྱུང་མེད་པ་དང་། ཡོམ་ལྟེ་ཉེ་འགྲམ་གྱི་རྡོ་སོལ་གཏེར་ཁའི་ཁེ་ལས་ཀྱི་ལས་བཟོ་པ་ཚང་མ་ཕྱིར་འཐེན་བྱས་ནས་ཐོབ་ཐང་ཞིབ་བཤེར་བྱས་ཟིན་པ་དང་། རྡོ་སོལ་གཏེར་ཁུལ་གྱི་ས་ཁུལ་ཡོངས་རྫོགས་སྒོ་བརྒྱབ་ཤིང་། ས་ཡོམ་གཡོལ་བའི་འགྲུལ་སྐྱེལ་མེ་འཁོར7རིམ་བཞིན་མྱུར་ཚད་ཚོད་འཛིན་བྱས་ནས་རྒྱུན་ལྡན་ལྟར་སླར་གསོ་བྱས་ཡོད། གནོད་འཚེའི་གྱོང་གུན་གནས་ཚུལ་མིག་སྔར་ཞིབ་བཤེར་བྱེད་བཞིན་པའི་སྒང་རེད།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།