མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཐོ་སྒང་དུ་ལྟེ་ཕྲག་འཕོས་ཤིང་མཐོ་སྒང་དུ་འདབ་ལག་རྒྱས་པའི་མཐོ་སྒང་གི་སྔོ་ཚལ་ཐུན་མིན་དེ་མཁའ་དབུགས་བསིལ་མོའི་དགེ་མཚན་དང་། དེང་རབས་ཞིང་ལས་ཀྱི་ཚན་རྩལ་འབྲས་བུ་ལ་བརྟེན་ནས་མཐར་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུགས་ཆེན་པོའི་ས་ཁུལ་དུ་གཞིས་ཆགས། དེ་ནི་ཀྲོ་མ་ཀྲུ་ཤར་ཕྱོགས་སུ་སྐྱོད་པའི་ཟིན་ཐོ་ཞིག་ཡིན་ལ། ཟི་ལིང་རྟ་ཐུང་ཧུའེ་རིགས་དང་ཧོར་རིགས་རང་སྐྱོང་རྫོང་གི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཟིན་ཐོ་ཞིག་ཀྱང་རེད།
ས་མཐོའི་དབྱར་མགོ་མར། ས་རྒྱུ་བཟང་བོར་སྔོ་ལྗང་ལོ་འདབས་ཀྱིས་རབ་ཏུ་བརྒྱན། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཅིང་དབྱང་གྲོང་རྡལ་དུ་ཡོད་པའི་ཟི་ལིང་རྟ་ཐང་ཧུའེ་ཧྥུང་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ལྗང་ལྟེམ་མེར་སྐྱེ་སྟོབས་ཀྱི་དཔལ་ཀུན་ནས་འབར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་མཚོ་ཁུགས་ཆེན་པོ་ཁུལ་གྱི་ཚལ་སླེ་སྐོར་དང་པོ་ཐོན་སྐྱེད་རྟེན་གཞི་ཡིན་པའི་ཆ་ནས། ས་མཐོའི་ས་རྒྱུ་གཤིན་པོར་རྩ་བ་ཚུགས་པའི་དེང་རབས་ཅན་གྱི་ཞིང་ལས་གླིང་ཁུལ་དེས་མཚོ་སྔོན་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཤང་ཀང་དང་ཨའོ་མོན་གྱི་རྩེར་སོན་ཁྲོམ་ར་ལ་ཐད་ཀར་དུ་ཤར་སྐྱོད་འགྲོ་ལམ་བཏོད་དེ་ས་མཐོའི་དེང་རབས་ཞིང་ལས་སྤུས་དག་པའི་གོང་འཕེལ་ལ་ལན་གསར་པ་ཞིག་བརྒྱབ་ཡོད་པ་རེད།ཉིན་ཤས་སྔོན“འོད་སྟོང་འཕྲོ་བའི་ལོ་ངོ་བཞི་བཅུ། འཕེལ་རྒྱས་ཁྲོད་ཀྱི་རྟ་ཐང་ལ་བལྟ”ཞེས་པ་བརྗོད་གཞིར་བཟུང་བའི་གསར་འགྱུར་སྨྱན་སྦྱོར་གྱི་བྱེད་སྒོ་རྟ་ཐང་ཧུའེ་ཧྥུང་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་མཚོ་ཁུག་ཆེན་པོའི་ཁུལ་གྱི་ཚལ་སླེ་རྟེན་གཞི་ཐོག་མ་དེའི་འཕེལ་རྒྱས་ཐད་ལ་བཅར་འདྲི་བྱས།
ཐོན་ལས་གླིང་དུ་བསྐྱོད་སྐབས་ཡུག་ཅིག་ཏུ་སྦྲེལ་བའི་ཤེལ་གྱི་རིག་ནུས་དྲོད་ཁང་དེ་ཉི་ཟེར་ཁྲོད་ཆུ་ཤེལ་གྱི་ཁང་བཟང་ཞིག་མཚུངས་བར་འོད་ཆེམ་ཆེམ་འཕྲོ་ལ། ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ཏུ་ཕྲ་བཏབ་པ་བཞིན་ལྷུན་གྱིས་ཆགས། འདི་ནི་དེང་རབས་ཞིང་ལས་སྒྲིག་བཀོད་ངོམ་བྱེད་ཀྱི་སྒེའུ་ཁུང་ཡིན་པ་མ་ཟད། གྲོང་གསེབ་དར་རྒྱས་དང་ཚན་རྩལ་ནུས་སྐྱེད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད། ཀྲོ་མ་ཀྲུ་ཁོ་ན་བཏབ་པའི་ལྟེ་གནས་ཀྱི་རིག་ནུས་དྲོད་ཁང3པར་འདེབས་གསོའི་སྒྲོམ་སྐྱོར་རེ་རེ་གྲལ་བསྒྲིགས་ནས་ཡོད་པ་དང་། ཡལ་འདབ་ཀྱི་འཁྲི་ཤིང་དུ་མ་གཅིག་ཐོག་གཅིག་ལ་བརྩེགས་ནས་ཡལ་འདབ་ཀྱི་གསེང་ན་ཀྲོ་མ་ཀྲུ་ཕྲེང་བ་རེ་རེ་ཐུར་དུ་འཕྱང་ཞིང་། བསིལ་རླུང་གི་ཁྲོད་དུ་འགུལ་ཙམ་འགུལ་ཙམ་བྱེད། བཟོ་པས་གཅེས་སྐྱོང་ཞིབ་ཚགས་འོག་འབྲས་བུར་འོད་མདངས་འཚེར་བཞིན་སྐྱེ་སྟོབས་ཀྱིས་ཕྱུག་ཡོད། ཟི་ལིང་ཧུའེ་ཧྥུང་ཞིང་ལས་མ་འཇོག་འཛུགས་སྐྲུན་གསར་སྤེལ་ཚད་ཡོད་ཀུང་སི་ཅིང་དབྱང་ཡན་ལག་ཀུང་སིའི་རྣམ་གྲངས་གི་འགན་འཁུར་བ་ཀྲང་ཕུའུ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲོ་མ་ཀྲུ་དེ་དག་ཟླ3པའི་ཚེས25ཉིན་བཙུགས་པ་ཡིན། མིག་སྔར་འཕྲོ་རིམ་འཕྲོར་ཁྲོམ་རར་བཏོན་ཟིན། ད་ལོར་གླིང་ཁུལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི7.2ལ་ཀྲོ་མ་ཀྲུ་བཏབ་ཡོད། ཆུ་ལུད་གཞི་གཅིག་ཅན་གྱི་མ་ལག་དང་། དངོས་འཕྲིན་དྲ་སྦྲེལ་མ་ལག རླངས་ལུད་མ་ལག་སོགས་དེང་རབས་ཞིང་ལས་སྒྲིག་བཀོད་ཀྱི་གཅེས་སྐྱོང་འོག འདིར་བཏབ་པའི་ཀྲོ་མ་ཀྲུ་ལ་སྦགས་བཙོག་མེད་པ་དང་། རྫས་འགྱུར་ལུད་རྫས་དང་སྐུལ་རྒྱུ་མེད་པ། ལྕགས་རིགས་ལྕི་མོ་མེད་པ། རྒྱུ་སྤུས་ལེགས་པ། བྲོ་བ་ཧ་ཅང་ལེགས་པ་བཅས་ཡོད་པས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་མཚོ་ཁུགས་ཆེན་པོ་ཁུལ་གྱི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད་པ་རེད།
ཞིང་ཆེན་ཡོངས་ཀྱི་ཤང་ཀང་ལ་མཁོ་འདོན་བྱེད་པའི་ཚལ་སླེ་རྟེན་གཞི་ཐོག་མ་ཡིན་པའི་རྟ་ཐང་ཧུའེ་ཧྥུང་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་རྒྱུ་སྤུས་ལྟེ་བ་དང་ཁྲོམ་ར་ཁྲིད་སྟོན་དུ་བཟུང་སྟེ། མཚོ་སྔོན་གྱི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དག་ཤང་ཀང་དང་ཨའོ་མོན་གྱི་རྩེར་སོན་ཁྲོམ་རར་སྦྲེལ་ཐབས་ཀྱི་ལམ་ཡངས་པོ་བཏོད་དེ་མཚོ་སྔོན་ས་མཐོའི་འཁྱགས་བསིལ་སྔོ་ཚལ་གྱི་གསེར་བྱང་གཙང་འབྱིད་བྱས། གླིང་ཁུལ་དེའི་ས་ཁྱོན་མུའུ1600ཟིན་ཡོད་ཅིང་། ད་ཆ་རིག་ནུས་མུ་འབྲེལ་དྲོད་ཁང་སྨི་གྲུ་མ་ཁྲི13ཡོད་པ་དང་། དེར་གྲངས་གཞིའི་རིག་ནུས་ཅན་གྱི་ལག་རྩལ་ལག་ལེན་བྱེད་ཀྱི་ཡོད། ཚད་ལྡན་ཅན་གྱི་ཉི་འོད་དྲོད་ཁང300ཡོད་པ་དང་། ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་བཀོད་ཆ་ཚང་བཀོལ་སྤྱོད་བྱེད་བཞིན་ཡོད། གཙོ་བོ་ཀྲོ་མ་ཀྲུ་དང་འབྲི་ཏ་ས་འཛིན་སོགས་ཁྱད་ལྡན་ཤིང་ཏོག་དང་། སྔོ་ཚལ་མི་འདྲ་བ་སོགས་འཁྱགས་བསིལ་སྔོ་ཚལ་དང་། ཤ་མོ། ཡོ་འབོག ཤ་མོ་སེར་པོ་སོགས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ཐོན་སྐྱེད་བྱེད་པ་རེད། གླིང་ཁུལ་གྱིས་ད་དུང“རྨ་ཙོང་རྒྱུད་ཀྱི་ཞིང་ས”“ལའོ་ཡེ་ཧྲན་སྔོ་ཚལ”སོགས་ཁྱད་ལྡན་སྤུས་རྟགས་བཏོད་དེ་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་་མགྱོགས་སུ་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། བདག་གཉེར་བྱེད་སྟངས་རྒྱུན་མཐུད་ལེགས་སྒྱུར་བཅས་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱིས་འབྱུང་འཕྲོད་གནོད་མེད་གྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་ལྟེ་བའི་གྲོང་ཁྱེར་གསར་གཏོད་དང་ས་མཐོའི་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་དེང་རབས་ཅན་གྱིས་ཐོན་སྐྱེད་བྱེད་པའི་མ་དཔེ་རུ་བསྒྱུར། ཀྲང་ཧྥུ་ཏུང་གིས་འདི་སྐད།“ང་ཚོས་ཞིང་ཆེན་ཡོངས་ཀྱི་གནོད་མེད་འབྱུང་འཕྲོད་ཤར་བགྲོད་གྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ས་མཐོའི་འཁྱགས་བསིལ་སྔོ་ཚལ་ཐོན་ལས་རྒྱུན་ཆད་མེད་པར་གོང་དུ་སྤེལ་བ་དང་འབྲེལ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུགས་ཆེན་པོ་ཁུལ་ལ་སྔོ་ཚལ་བརྟན་པོར་མཁོ་འདོན་དང་། རྒྱུན་མཐུད་གྱི་ཕྱིར་འཚོང་གཞི་ཁྱོན་ཆེ་རུ་བསྐྱེད་དེ་རྟ་ཐང་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་ཕྱིར་འཚོང་ཡང་སྤུས་རྟགས་ཕྱིར་གཏོང་གི་རིམ་པ་སྤར་བ་ཡིན་ཟེར།
ཉེ་བའི་ལོ་ཤས་རིང་རྟ་ཐང་རྫོང་གིས་ཐུན་མོང་མ་ཡིན་པའི་ས་མཐོའི་འཁྱགས་ལ་བསིལ་བའི་ནམ་ཟླའི་ཆ་རྐྱེན་དང་དེང་རབས་ཞིང་ལས་ཀྱི་ཚན་རྩལ་འབྲས་བུ་གཞན་སྒྱུར་གྱི་དགེ་མཚན་ལ་བརྟེན་ནས་རྫོང་ཡོངས་ཀྱི་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲ་བརྟན་དུ་བཏང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ་རྫོང་ཡོངས་ཀྱི་སྔོ་ཚལ་འདེབས་ལས་གྱི་རྒྱ་ཁྱོན་མུའུ་ཁྲི8.1ཟིན་པ་དང་ལོ་རེའི་ཐོན་ཚད་ཏུན་ཁྲི24.9ཟིན། དེས་ཞིང་ཆེན་ཡོངས་ཀྱི་ཐོན་ཚད་ཀྱི15.7%དང་གྲོང་ཁྱེར་ཡོངས་ཀྱི་ཐོན་ཚད་ཀྱི37.1%ཟིན་ཡོད། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་སུ་ཐད་ཀར་མཁོ་འདོན་དང་ཞིང་ཁྲོམ་སྦྲེལ་མཐུད་ཀྱི་ཐབས་ལམ་བཙུགས་ནས་ཕྱིར་འཚོང་བྱེད་ཚད་ཏུན་ཁྲི17.2ཟིན་པ་དང་། ཐོན་རྫས་རིན་ཐང་སྒོར་ལ་བསླེབས། གྲུ་ཁའི་མཁོ་འདོན་རྟེན་གཞིར་ས་མུའུ9478ཐོ་འགོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཁྱགས་བསིལ་སྔོ་ཚལ་གྱི་ལྟེ་བའི་མཁོ་འདོན་འགན་ལེན་གྱི་རྟེན་གཞིར་གྱུར་པ་མ་ཟད།
རྟ་ཐང་རྫོང་གི་དེང་རབས་ཞིང་ལས་ཀྱི་འདེགས་སྐྱོར་ཐོན་ལས་ཕྱོགས་སུ་འཕེལ་བཞིན་ཡོད། “ཟི་ལིང་གི་འཁྱགས་བསིལ་སྔོ་ཚལ”འཛམ་གླིང་དུ་ཁྱབ་པ་དང“ས་མཐོའི་བྲོ་བ”ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུགས་ཆེན་པོའི་ཁུལ་དུ་ཁྱབ་པ་སོགས་རྟ་ཐང་རྫོང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དུང་བརྡ་གསལ་བོ་ཞིག་ཀུན་ལ་བསྒྲགས་ཡོད་དོ། །