ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་གནོད་འགོག་གནོད་སེལ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ6པའི་ཚེས15ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་གནོད་འཚེ་སྔོན་འགོག་དང་ཉུང་འཕྲི་གནོད་སེལ་བྱ་བར་རྟོག་ཞིབ་གནང་། ཁོང་གིས་གནོད་འཚེ་སྔོན་འགོག་དང་ཉུང་འཕྲི་གནོད་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་རྣམ་གཉིས་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་དབྱང་ཅ་ཀྲའེ་གྲོང་ཚོའི་ས་གཤིས་གནོད་འཚེ་གཡོལ་བའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་དང་ཅིང་དབྱང་གྲོང་རྡལ་ཅིན་ཁྲུང་འཕྲལ་སྡོམ་ཉེན་གཡོལ་ལྟེ་གནས་སུ་ཕེབས་ནས་འབྲུབ་དུས་ཀྱི་བདེ་འཇགས་ཉེན་ཁ་འགོག་ཟོན་གྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་བྱས་པ་དང་། རྣམ་གྲངས་སྤེལ་ཡུལ་འདེམས་པ་དང་སྒྲིག་བཀོད་ལེ་ལག་ཚང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། གནས་སྤོས་མང་ཚོགས་ལ་ཡང་འཚམས་འདྲི་གནང་བ་རེད། ཁོང་ཚོས་འཕྲལ་སྡོམ་ཉེན་གཡོལ་ས་ཚིགས་ཚད་ལྡན་ཅན་དུ་སྒྱུར་བཀོད་བྱེད་པ་དང་། བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་པ། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་འཕྲལ་སྡོམ་འགོག་སྲུང་དྲ་རྒྱ་སྔར་བས་ཚགས་ཚུད་དུ་གཏོང་དགོས། སྐབས་བརྗེའི་རིང་གི་འབྲུབ་འགོག་འགན་འཁྲི་ནན་བཅག་བྱས་ནས་ལས་སྒོའི་གསོ་སྦྱོང་དང“རྒན་པས་གསར་བ་ཁྲིདཔ”སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པའི་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་འཆར་འགོད་དང་། འཛུགས་སྐྲུན།  དོ་དམ་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་སློབ་གསོ་དང་ལས་ཞུགས་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཐུབ་པ།  བློ་བདེ་བག་ཕེབས་ཀྱི་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བཅས་བྱེད་དགོས།

ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་འཆར་འགོད་ཅུའུ་དང་གྲོང་ནུབ་ཆུས་ཕྱོགས་བསྡུས་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མཛོད་ཁང་དུ་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་དམའ་དབྱིངས་རིག་ལྡན་མཁའ་འགྲུལ་བེད་སྤྱོད་ལས་སྟེགས་དང་འཕྲལ་སྡོམ་དངོས་ཟོག་རིག་ལྡན་མཛོད་ཉར་མ་ལག་འཁོར་སྐྱོད་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་མཐའ་ཚད་ཀྱི་བསམ་བློ་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ།  རིག་ལྡན་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ།  དངོས་ཟོག་དུས་བཀག་ལྟར་བརྗེ་རེས་དང་སྒྲིག་ཆས་བདག་སྐྱོང་སྲུང་སྐྱོང་ཡག་པོ་བྱེད་པ།  འདོན་སྤྱོད་ཆོག་པའི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཁོང་དུ་ཆུད་པ་བཅས་བྱས་ཏེ་འགག་རྩའི་དུས་སུ་འདོན་ཐུབ་པ་དང་། སྐྱེལ་འདྲེན་མགྱོགས་པ།  བཀོལ་སྤྱོད་ཐུབ་པ་བཅས་ལ་འགན་སྲུང་བྱེད་དགོས། མི་མེད་གནམ་གྲུ་སོགས་དེང་རབས་ཚན་རྩལ་བྱེད་ཐབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གནོད་འཚེའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་ཚུད་ནས་སྔོན་འགོག་བྱེད་པའི་ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། དམའ་དབྱིངས་དཔལ་འབྱོར་གྱི་བཀོལ་སྤྱོད་རྣམ་པ་སྔར་བས་རྒྱ་ཆེར་བཏང་ནས་ལས་ཁུངས་དང་ལས་རིགས་སོ་སོའི་རང་བྱུང་ཐོན་ཁུངས་དོ་དམ་དང་། ས་ཁམས་གཞི་གྲངས་འཚོལ་བསྡུ།  གྲོང་ཁྱེར་བཅོས་སྐྱོང་སྐོར་ཞིབ་སོགས་ཁྱབ་ཁོངས་ཀྱི་སྣ་མང་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་དགོས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་རྟོག་ཞིབ་གནང་སྐབས།  ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་དུ་གནམ་གཤིས་ངན་པ་ཐོན་མང་བ་དང་ཡང་ཡང་ཐོན་པ་དང་། ཆུ་ལོག་དང་ཆུ་རུད། རི་ཉིལ་ལ་སོགས་ས་གཤིས་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ལ་དམ་པོར་དམིགས་ནས་གནོད་འགོག་གནོད་སེལ་གྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་དགོས། རིམ་ཁག་འགན་འཁྲི་ནན་དུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ།  ལྟ་ཞིབ་ཚད་ལེན་སྐོར་ཞིབ་དང་། ལས་རེས་ལས་སྲུང་། ཆ་འཕྲིན་གོང་ཞུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས་འགན་འཁྲིའི་སྦྲེལ་ཐག་སྲུབས་མེད་སྦྲེལ་མཐུད་ཐུབ་པར་འགན་སྲུང་བྱེད་དགོས། ཚན་རྩལ་མཐོ་ཤོས་དང“རང་ཐབས”ཟུང་འབྲེལ་བྱས་ཏེ་ས་ཁོངས་དང་ཁུལ་གཙོ་བོའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་ཞིབ་ཚགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་མི་ཡོང་བ་དང་སེམས་ནང་གདེང་ཚོད་ཡོད་པ་བྱས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ངང་འབྲུབ་ཆུ་སྒྲོལ་ཐུབ་པར་འགན་སྲུང་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།