མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས15པའི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཁྲིམས་ཁང་དེས《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བྱེད་ཐབས་བཅུ》(གཤམ་དུ《བྱེད་ཐབས་བཅུ》ཞེས་བསྡུ་རྒྱུ)དངོས་སུ་བཏོན།
སླད་ཕྱིན་གྱི་ལོ་ལྔའི་རིང་ལ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་བྱ་བར་སྣེ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པའི《བྱེད་ཐབས་བཅུ》ཡིས་མཚོ་སྔོན་གྱི“ཀྲུང་ཧྭའི་ཆུ་མཛོད”ཀྱི་འཐབ་ཇུས་གནས་བབ་དང“ཞིང་ཆེན་གྱི་གནས་བབ་ཆེ་ཤོས་གསུམ”ལ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་ལ་དམ་པོར་འབྲེལ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཕྱོགས་མང་པོ་ནས་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱས་པ་དང་། མ་ལག་ལྡན་པའི་སྒོ་ནས་སྦྲེལ་ཐག་ཧྲིལ་པོ་དང་བཀག་སྡོམ་གྱི་རྣམ་པའི་མཐོ་སྒང་གི་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོང་མ་ལག་བཙུགས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིངས།
《བྱེད་ཐབས་བཅུ》ཡི་ནང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཛིན་བྱ་གཞི་གལ་ཆེན་དུ་གཞིར་བྱས་ཏེ་ཁོར་ཡུག་ཁྲིམས་འཛིན་གྱི་ཆེད་དོན་སྒྲིག་གཞི་དང་ཁོངས་སྒྲིལ་འདྲི་གཅོད་ལམ་སྲོལ་འཛུགས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་དང་། ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས“གསུམ་སྒྲིལ་གཅིག”གི་འདྲི་གཅོད་ཆེད་ལས་ཅན་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གྱོད་སྒྲུབ་བརྒྱུད་རིམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཁྲིམས་གསར་པའི་དོན་ཚན་དངོས་འབྲེལ་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་གསལ་བོ་བཏོན།
《བྱེད་ཐབས་བཅུ》ཡི་ནང་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་དགོས། ཁོར་ཡུག་སྦགས་བཙོག་བཟོ་བ་དང་། ཁྲིམས་དང་མི་མཐུན་པར་རི་དྭགས་རྔོན་པ། ཁྲིམས་འགལ་གྱིས་ཉ་འཛིན་པ། ཤིང་སྡོང་རྐུ་གཅོད་བྱེད་པ། གཏེར་རྫས་ཐོན་ཁུངས་རྐུ་འདོན་བྱེད་པ། ཁྲིམས་དང་མི་མཐུན་པར་ཞིང་ས་བདག་བཟུང་བེད་སྤྱོད་པ་སོགས་ཀྱི་ཉེས་དོན་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བཏང་སྟེ། ཁོར་ཡུག་དང་། ཐོན་ཁུངས། ས་ཞིང་། འབྲུ་རིགས་སོགས་ཀྱི་བདེ་འཇགས་སྲུང་ལ་སྐྱོང་ཏན་ཏིག་བྱེད་དགོས། གསའ་དང་གཙོད་སོགས་སྟོངས་ལ་ཉེ་པའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་དང་སྲོ་ལོ་དམར་པོ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་བྱས་ཏེ། མི་མེད་གནམ་གྲུས་གླ་བ་རྔོན་པ་སོགས་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་འཛིན་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་ཞེས་གསལ་བོར་བོཏན།
《བྱེད་ཐབས་བཅུ》ཡིས་ཆེད་མངགས་ལས་རྣམ་པ་གསར་པའི་ཁྲིམས་འཛིན་འགན་སྲུང་གི་སྟོང་ཆ་གསབ། དེའི་ནང་ཐོན་ལས་ཀྱི“གནས་བཞིའི”ཁྱུ་ཚོགས་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་ལྗང་མདོག་གློག་རྩིས་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་སྐྱེད་སྲིང་བྱེད་པ། སྲོལ་རྒྱུན་ཐོན་ལས་རིམ་སྤར་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གཙོ་བོ་དང་། བརྒྱུད་རིམ་གཙོ་བོ། ལས་འགན་གཙོ་བོ་བཅས་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཁེ་ལས་ཀྱི་གཉེར་སྐྱོང་འཕེལ་རྒྱས་སྟངས་འཛིན་ཡང་དག་བྱས་ཏེ་ཐཱན་འབྲེལ་ཉོ་ཚོང་དང་། ལྗང་མདོག་དངུལ་རྩ། སྦགས་བཙོག་དངོས་པོ་གསར་པ་འགོག་བཅོས་སོགས་རིགས་གསར་པའི་ཁོར་ཡུག་ཐོན་ཁུངས་ལ་འབྲེལ་བའི་གྱོད་གཞི་ཁྲིམས་ལྟར་ཞིབ་གཅོད་འོས་འཚམ་བྱེད་དགོས།
《བྱེད་ཐབས་བཅུ》ཡི་ནང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས“སླར་གསོ་རང་བཞིན་གྱི་ཁྲིམས་འཛིན+སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང”ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་ཉམས་གསོའི་རྟེན་གཞི་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ཉམས་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་འཕེལ་གློད་གཏོང་དང་། སྔོ་ཁེབས་གསབ་འདེབས། ངལ་ནུས་ཚབ་སྤྲོད། ཐཱན་འདུས་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་ཧུར་ཐག་སྤྱད་དེ་མཐོ་སྒང་གི་སྐྱེ་ཁམས་ཁྱད་ཆོས་དང་འཚམ་པའི་ཉམས་གསོའི་འགན་འཁྲིའི་མ་ལག་འགྲུབ་དགོས་པའི་བླང་བྱ་བཏོན།