མཚོ་ཤར་གྱིས“རྫུན་མར་རྡུང་རྡེག་དང་འབྱུང་ཁུངས་གཙང་སེལ”གྱི་ཆེད་དམིགས་ཁྲིམས་འཛིན་བྱ་སྤྱོད་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས8ཉིན། མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་འབྲེལ་གྱིས“རྫུན་མར་རྡུང་རྡེག་དང་འབྱུང་ཁུངས་གཙང་སེལ”གྱི་ཆེད་དམིགས་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་སྤེལ་འགོ་བརྩམས། རིན་པོ་ཆེ་གཡང་ཊི་དང་ཤིང་དམར་ཐོན་རྫས། རྫ་དཀར་བཟོ་རྩལ་ཐོན་རྫས་སོགས་སྲོལ་རྒྱུན་བཟོ་རྩལ་མངའ་ཁོངས་སུ། མང་ཚོགས་ཀྱི་ཞུ་སྦྱོར་གཅིག་སྡུད་ཀྱི་རྫུན་མ་བཟོ་ཚོང་དང་རྫུན་མའི་ཞིབ་དཔྱད་ཚད་ལེན། སྒྲིག་འགལ་ཚོང་གཉེར་སོགས་ཟང་ཟིང་ལ་དམིགས་ནས་གཅིག་སྡུད་བཅོས་སྒྲིག་བྱས་པ་དང་།   གནད་འཁེལ་ཁྲིམས་འཛིན་དང་ལས་རིགས་གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱས།

ཐེངས་འདིའི་ཆེད་དམིགས་བྱ་སྤྱོད་ཀྱིས“ལག་ཁྱེར་རྫུན་མ་དང་སྒྲིག་གཞི་རྫུན་མ། ཐོན་རྫས་རྫུན་མ།  དྲ་ཚིགས་རྫུན་མ”བཅས་ཀྱི་འབུར་ཐོན་གནད་དོན་རིགས་བཞིར་དམིགས་ནས། མུ་ཕྲེང་ཡོངས་དང་དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་བཅོས་སྒྲིག་བྱེད་སྟངས་ཁྱབ་གདལ་དུ་བཏང་། ཡུལ་དངོས་ཀྱི་ཚོང་གཉེར་ཚོང་ཁང་སོ་སོར་སོང་ནས་ཚོང་ཟོག་ནང་འདྲེན་གྱི་རྩིས་ཐོ་དང་ཞིབ་དཔྱད་ཚད་ལེན་སྙན་ཞུར་ཞིབ་བཤེར་ནན་མོ་བྱེད་པ་དང་། སྤུས་ཞན་ལེགས་པར་བརྩི་བ་དང་ཐོན་ཡུལ་རྫུན་བཟོ། ཞིབ་དཔྱད་ཚད་ལེན་དཔང་ཡིག་རྫུན་བཟོ། ཚོང་བ་དང་ཁྱིམ་ཚང་བར་གྱི་ངན་འབྲེལ་རྫུན་བཟོ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ་དང་།     ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ལས་གཉེར་བྱ་སྤྱོད་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ལས་རིགས་སྤུས་ཚད་གཞུང་དྲང་གི་ཚད་མཐའ་སྲུང་སྐྱོང་བྱས།   དྲ་ཐོག་ནས་གློག་རྡུལ་ཚོང་དོན་གྱི་སྟེགས་བུ་དང་ཐད་གཏོང་ཟོག་ཚོང་སོགས་དྲ་རྒྱའི་འཚོང་ལམ་དང་། དྲ་ཚིགས་རྫུན་མའི་སྦྲེལ་མཐུད་བཅས་ལ་དོ་སྣང་ཆེན་པོ་བྱས་ཏེ་དྲ་ཐོག་ཉོ་ཚོང་ཁྲོམ་རའི་ཁོར་ཡུག་ཕྱོགས་ཡོངས་ནས་གཙང་བཟོ་བྱས་ཡོད།

མིག་སྔའི་བར། ཐེངས་འདིའི་ཆེད་དམིགས་བྱ་སྤྱོད་ནང་ཁྲིམས་འཛིན་མི་སྣ་མི་ཐེངས་16བཏང་བ་དང་། གཉེར་སྐྱོང་གཙོ་གཟུགས12ལ་ཞིབ་བཤེར་བྱས་པས། ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་བྱ་སྤྱོད་སྣ་ཚོགས་ལ་ཟིལ་གནོན་ནུས་ལྡན་བྱས། དེ་དང་ཆབས་ཅིག མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་སུ་ཁྲིམས་འགལ་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་ནས། མང་ཚོགས་ཀྱིས་འབྲེལ་ཡོད་ཁྲིམས་འགལ་གནད་དོན་ཐེར་འདོན་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།