ཟླ6པའི་ཚེས14ཉིན། 2025ལོའི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བཞིའི”(ཆེས་མཛེས་པའི་དང་བླངས་པ་བརྒྱ། ཆེས་ལེགས་པའི་ཞབས་ཞུའི་རྩ་འཛུགས་བརྒྱ། ཆེས་བཟང་པོའི་དང་བླངས་ཞབས་ཞུའི་རྣམ་གྲངས་བརྒྱ། ཆེས་མཛེས་པའི་དང་བླངས་ཞབས་ཞུ་སྡེ་ཁུལ་བརྒྱ)ཕུལ་བྱུང་དཔེ་མཚོན་ཁྱབ་སྒྲོག་མཛད་སྒོ་དང་། ཡུལ་དངོས་འབྲེལ་འདྲིས་བྱེད་སྒོ་ཧྲན་ཞི་ཞི་ཨན་ནས་བསྡུས། བྱེད་སྒོ་ལས2025ལོའི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བཞིའི”ཕུལ་བྱུང་དཔེ་མཚོན་མིང་ཐོ་བསྒྲགས་པ་དང་། རང་ཞིང་ཆེན་གྱི་སྣ་དྲུག་ཕུལ་བྱུང་དཔེ་མཚོན་དུ་བདམས་ཐོན་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་དང་བླངས་པ་ཕུལ་བྱུང་དཔེ་མཚོན་ལ་མཚོན་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་ལ་ཟེ་བ་ཆུ་མཛོད་ས་ཁུལ་བདེ་བཀོད་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་རྒྱལ་གྱིས་མི་རིགས་མང་པོའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཤིང་། མང་ཚོགས་སྣེ་ཁྲིད་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལས་ལ་ཞུགས་ཏེ། མཚོ་སྔོན་དམངས་ཁྲོད་སྟོབས་ཤུགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་ཤིང་གསོན་པོ་ཞིག་བཙུགས་པ་རེད། མཚོ་སྔོན་ཞིང་ཆེན་ཉིང་རྡུལ་བཟོ་ལས་མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་ཞབས་ཞུ་རུ་ཁག་དང་། མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རིག་རྩལ་དང་བླངས་པའི་མཐུན་ཚོགས་བཅས་ཀྱིས་ཏང་འཛུགས་སྣེ་ཁྲིད་དང་། མཐོ་སྒང་གི་ཁྱད་ཆོས་ཟབ་སྤེལ། ལས་རིགས་འཇོན་ཐང་ལ་རྐང་ཚུགས་པ། ཚན་རྩལ་ཁྱབ་སྤེལ་དང་ཉེན་སྐྱོབ་ལ་སྟོབས་བསྡོས་པ། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་དམངས་ཕན་ཕྱོགས་ཏེ། དང་བླངས་ཞབས་ཞུའི་དཔུང་ཁག་བཙུགས་ནས། ཆེད་ལས་ཅན་དང་རྒྱུན་རྣམ་ཅན། ཁྱད་ཆོས་ཅན་གྱི་དང་བླངས་ཞབས་ཞུ་ཡིས། གསོན་ཉམས་ལྡན་པའི་ངང་དུས་རབས་གསར་བའི་དང་བླངས་སྙིང་སྟོབས་འགྲེལ་བརྗོད་བྱས་ཏེ། རྒྱལ་ཡོངས་དང་བླངས་ཞབས་ཞུའི་རྩ་འཛུགས་ཕུལ་བྱུང་གི་དཔེ་མཚོན་དུ་བདམས་ཐོན་བྱུང་།
རྒྱལ་ཡོངས་དང་བླངས་ཞབས་ཞུའི་རྩ་འཛུགས་ཕུལ་བྱུང་གི་དཔེ་མཚོན་དུ་བདམས་ཐོན་བྱུང་བའི་ཟི་ལིང་གྲོང་ཁྱེར་གྱི“ཚེ་སྲོག་སྲུང་སྐྱོང”འཕྲལ་བསྟུན་ཉེན་སྐྱོབ་ཤེས་བྱ་ཁྱབ་སྤེལ་དང་དང་བླངས་ཞབས་ཞུའི་རྣམ་གྲངས་ཡིས། ཏང་འཛུགས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་མང་པོ་གཅིག་བསྡུས་དང་། ཆེད་ལས་ཉེན་སྐྱོབ་རུ་ཁག་གསར་འཛུགས་བྱས་ནས། ཞང་གྲོང་ས་གནས་སོ་སོར་ཟབ་ཞུགས་བྱས་ཏེ་འཕྲལ་བསྟུན་ཉེན་སྐྱོབ་ཤེས་བྱ“བརྒྱད་སྐྱོད”བྱེད་སྒོ་སྤེལ་ནས། སྤྱི་བསྡོམས་ཁྱབ་སྤེལ་གསོ་སྦྱོང་མི་ཐེངས་འབུམ་བཞི་དང་ཁྲི་གཉིས་བྱས་ཤིང་། གསོ་སྐྱོང་འཛིན་ཡིག་གནང་བའི་ཉེན་སྐྱོབ་པ་སྟོང་གསུམ་དུ་སླེབས་པ་དང་། འཕྲལ་བསྟུན་འགན་སྲུང་འགན་འཁྲིའི་བྱེད་སྒོ་འགངས་ཆེན་ཐེངས་ཞེ་བརྒྱད་བདེ་བླག་ངང་སྤེལ་བ་རེད། རྒྱལ་ཡོངས་དང་བླངས་ཞབས་ཞུ་སྡེ་ཁུལ་ཕུལ་བྱུང་དཔེ་མཚོན་དུ་བདམས་ཐོན་བྱུང་བའི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཁྲའོ་དབྱང་སྲང་ལམ་ཧྲན་ཁྲོན་སྡེ་ཁུལ་གྱིས། ཏང་འཛུགས་སྤྱི་འདོམས་ལ་བརྟེན་ནས། “གཅེས་སེམས་སྲུང་སྐྱེལ”དང་བླངས་ཞབས་ཞུའི་སྤུས་རྟགས་གསར་སྐྲུན་བྱས་ཏེ། སྒོ་མདུན་གྱི་དམངས་ཕན་ཞབས་ཞུའི་འཐབ་ར་བཙུགས་ཤིང་། “ལྕང་དམར་གྲོས་ཚོགས”དང“འཁོར་ལོའི་ཏང་འཛུགས”སོགས་ཀྱི་བཅོས་སྐྱོང་རྣམ་པ་གསར་གཏོད་བྱས་ཏེ། “རྒན་གཅིག་ཆུང་གཅིག”དང་། དབང་སྐྱོན་མི་ཚོགས། ལས་ཞུགས་གསར་བའི་མི་ཚོགས་སོགས་དམངས་ཚིས་དོན་ཆེན་ལ་རབ་ཏུ་དམིགས་ནས། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་མཐོ་སྒང་གི་གཞི་རིམ་བཅོས་སྐྱོང་ལམ་གསར་ཞིག་བཙལ་བ་རེད།