དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། མང་ཚོགས་ལ་བརྟན་བརླིང་གི་བདེ་སྐྱིད་བསྐྲུན།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམངས་འཚོ་ནི་གལ་ཆེན་ཡིན། ཏང་དང་སྲིད་གཞུང་གི་ལས་དོན་མཐའ་དག་ནི་མང་ཚོགས་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་ཆེད་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ས་གནས་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ལ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

དུས་སྐབས་འདིར། ཐེན་ཅིན་གྲོང་ཁྱེར་གྱི་རེས་སྐོར་གསར་བའི་སྤྱི་གླིང་ཆུང་བ་གྲོང་མིར་ཁ་ཕྱོགས་ཏེ་སྒོ་ཕྱེས་ལ། གནས་འདིར། ལུས་སྦྱོང་ཡོ་བྱད་དང་ལྗང་ལམ་སོགས་ཚང་མ་འཛོམས་ཡོད། སྲང་ལམ་གྱི་གྲུ་ཁ་དང་བེད་མེད་ས་སྟོང་སྤྱད་དེ་བསྐྲུན་པའི་སྤྱི་གླིང་ཆུང་བ་ལས། ཉེ་འཁོར་གྱི་སྡོད་དམངས་ལ་སྒེའུ་ཁུང་ཕྱེས་མ་ཐག་ལྗང་མདོག་མཐོང་ཐུབ་པ་མ་ཟད། སྒོ་ཕྱིར་སླེབས་དུས་སྤྱི་གླིང་དུ་ཐོན་ཐུབ་པར་བྱས། མིག་སྔར་ཐེན་ཅིན་གྱིས་སྤྱི་གླིང་ཆུང་བ400ལ་ཉེ་བ་བསྐྲུན་ཏེ། ཐར་ཐོར་ནས་ས་ཁོངས་ཧྲིལ་པོར་ཁྱབ་པར་བྱས།

ཐེན་ཅིན་གྱི་གྲོང་མི་ལུའི་ཧྥུའུ་ལེན་གྱིས་བཤད་རྒྱུར། ཁྱོད་ཀྱིས་ལྟོས་དང་། རྒན་པ་འདི་དག་གིས་འདི་ནས་གླུ་ལེན་བཞིན་ཡོད། རྒྱུ་མཚན་ནི་ཚང་མ་འདིའི་ཉེ་འགྲམ་ན་བསྡད་ཡོད་པས་སྤྱི་གླིང་ཆུང་ཆུང་འདིའི་ནང་དུ་ཁམས་གཡེང་བྱེད་དུ་ཡོང་བཞིན་ཡོད་ལ།  སྒོར་བུད་དེ་རྒྱ་ལམ་བརྒལ་བ་ན་སྤྱི་གླིང་ཡིན། སྐར་མ་ལྔ་ཡང་བཀོལ་མི་དགོས་པས་ཧ་ཅང་བཟང་། སྐྱིད་པོ་རེད།

མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཁོང་གི་གོ་གནས་མཐོ་ཤོས་སུ་བཞག་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་སེམས་དམངས་འཚོར་བཅངས་པ་དང་བརྩེ་བ་མི་དམངས་ལ་བཅངས་ནས། ས་གནས་ཁག་ཏུ་རྟོག་ཞིབ་བྱེད་པའམ་ཡང་ན་འགོ་འཛིན་མཛད་དེ་བསྡུས་པའི་ཚོགས་འདུ་གལ་ཆེན་གང་ཡིན་རུང་། མི་དམངས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཁོང་གི་ཐུགས་ཁྲལ་ཟབ་མོ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཐག་གཅོད་ལེགས་པོ་བྱས་ནས། ཚང་མའི་འཛུམ་མདངས་སྔར་བས་མང་བ་དང་སེམས་སྔར་བས་དྲོད་ཁོལ་ལྡན་དུ་འཇུག་དགོས་པའི་བླང་བྱ་བཏོན། ཁོང་གིས་རྒྱུན་ལྡན་གྱི་འཚོ་བ་དང་སྐྱིད་སྡུག་གང་ཡིན་རུང་།  “ཁྱིམ་ཚང་ཆུང་བ”ཚང་མ་དྲོད་ཁོལ་ལྡན་ན། “ཀྲུང་གོའི“ཁྱིམ་ཆེན”འདི་ཡར་ངོའི་ཟླ་ལྟར་འཕེལ་ངེས་ཞེས་གསུངས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དམངས་འཚོའི་འགན་སྲུང་གཟབ་ནན་སྲ་བརྟན་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་བྱས་པའི་མི་རིམ་རྩིས་བྱས་ན་བྱེ་བ་དྲུག་ས་ཡ་གཉིས་ལས་བརྒལ་ནས། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ཁྲོད།“མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མི་ཆད་པར་ཇེ་ལེགས་སུ་གཏོང་རྒྱུ”དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོའི་གྲས་སུ་བཞག་ཡོད་ལ།  སྤྱོད་གོ་ཆོད་པའི་སྲིད་ཇུས་དང་བྱེད་ཐབས་རེ་རེས་དམངས་འཚོ་འགན་སྲུང་དེ“ཡོད་པ”ནས“ཕུལ་བྱུང”ལ་མཆོང་སྐྱོད་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་སློབ་གསོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པ་ཝང་ཏའོ་ཡུང་གིས་བཤད་རྒྱུར། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་འབུར་ཐོན་གོ་གནས་སུ་བཞག་ནས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་གནང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ལས་དམངས་འཚོའི་གཙོ་གནད་དམིགས་ཚད་ཁག7ཆེད་དུ་བཀོད་སྒྲིག་བྱས་ཏེ། དམངས་འཚོ་གཙོ་བོར་འཛིན་པ་དང་དམངས་འཚོ་སྔོན་འགྲོ་ཡིན་པའི་འཐབ་ཇུས་ཀྱི་གཏན་གནས་གང་ལེགས་མངོན་ནས། མི་དམངས་ཀྱི་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པ་དེ། རྒྱལ་ཁབ་བཅོས་སྐྱོང་དང་འཆར་འགོད་ལག་བསྟར། སྲིད་ཇུས་དོན་འཁྱོལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དངོས་སུ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས།

སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོར། ས་གནས་ཁག་གིས་ཧུར་ཐག་སྒོས་ཇུས་བསྟར་བྱས་ནས། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་བཏང་།

སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་བཏང་། ད་ལོར། རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་དང་། སྡེ་ཁུལ་ཆ་ཚང་འཛུགས་སྐྲུན། གྲོང་ཁྱེར་ཐ་ཆུང་གི་སྤྱི་པའི་བར་སྟོང་སྒྱུར་བཀོད་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ནས།“གྲོང་ཁྱེར་གྱི་བར་སྟོང་རྙིང་པ”སྔར་བས་མང་བ་སྒྱུར་བཀོད་བྱས་ཏེ། “དམངས་ཕན་བར་སྟོང་གསར་པར”རིམ་སྤོར་བྱ་རྒྱུ་རེད།  ཁྲུང་ཆིན་ཅིའུ་ལོང་ཕའོ་ཆུས་སུ་ཡོད་པའི་གླིང་ཁུལ་འདི་ནི། སྔོན་ཆད་དུས་ཡུན་རིང་པོར་བེད་མེད་དུ་བསྐྱུར་བའི་བཟོ་ལས་བཟོ་ཁུལ་ཞིག་ཡིན་ལ། ད་ལྟ་གསར་སྒྱུར་བྱས་པ་བརྒྱུད། ལས་རྣམ་ཡོངས་ཀྱི་རིག་གནས་དང་ལུས་རྩལ་ཕྱོགས་བསྡུས་གླིང་ཁུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཉེ་འགྲམ་གྱི་སྡོད་དམངས་ཁྱིམ་ཚང་ཁྲི་བཞི་དང་སྟོང་ལྔ་ལ་ཞབས་ཞུ་བསྒྲུབས། ད་ལོ་གནས་འདིར་ད་དུང་སྒྱུ་རྩལ་བར་སྟོང་དང་སྤུས་ལྡན་བཟའ་བཏུང་ཇེ་མང་དུ་ཕྱིན་ཡོད་ལ། 2027ལོར་སླེབས་སྐབས། ཁྲུང་ཆིན་གྱིས་གཞིས་ཁུལ་རྙིང་པ1800དང་ཁྲིན་ཀྲུང་སྡེ་བ130ལྷག་སྒྱུར་བཀོད་བྱ་རྒྱུ་རེད།

ཁྲུང་ཆིན་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་མཁར་སྡེའི་སྡོད་དམངས་ཧི་ལིས་ཞིན་གྱིས་བཤད་རྒྱུར། ང་ཚོ་ཕལ་ཆེར་གཟའ་འཁོར་རེ་རེར་ཡོང་བ་ཡིན་ལ། འདི་རུ་ཆེད་ལས་ཀྱི་བྱ་སྒྲོ་སྤོ་ལོ་ཁང་ཡོད། དེར་མ་ཟད་གཟའ་མཇུག་ལ་ཐོན་དུས་ངས་བྱིས་པ་འཁྲིད་ཡོང་ནས་ལག་རྩེད་སྤོ་ལོའི་སློབ་ཁྲིད་ལ་ཞུགས་བཞིན་ཡོད། འདི་རུ་ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་ཡོད་པ་ལས་གཞན། ད་དུང་ཟས་མཆོག་སྣ་ཚོགས་དང་ཀྲུང་ལུགས་གསོ་རིག་སྨན་བཅོས་སོགས་ཀྱང་ཡོད་པས། ངས་བསམ་ན་འདི་དངོས་གནས་གནས་མཆོག་འགྲན་ཟླ་མེད་པ་ཞིག་རེད། 

ལྷག་སེམས་རྣམ་དག་གིས“རྒན་གཞོན་ཚང་མ”སྲུང་སྐྱོང་ལེགས་པོ་བྱེད་དགོས། ད་ལོར་རང་རྒྱལ་གྱིས་ཀུན་ཕན་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་སྔར་བས་རྒྱ་ཆེར་བཏང་སྟེ། ཀུན་ཕན་བུ་བཅོལ་དང་བུ་བཅོལ་ཁང་གཞི་གཅིག་ཅན་དུ་འགྱུར་བའི་ཞབས་ཞུ་འཕེལ་རྒྱས་བཏང་ནས་རྒས་དུས་འཚོ་རྟེན་ཡོད་པ་དང་། བྱིས་པར་སྐྱོང་མཁན་ཡོད་པའི་ཞབས་ཞུའི་མ་ལག་རྒྱུན་མ་ཆད་པར་ལེགས་སྒྱུར་བྱ་རྒྱུ་རེད། ལའོ་ཉིན་གྱིས་ད་ལོར་ཀུན་ཕན་བྱེད་གནས་སྟོང་བཞི་ཇེ་མང་དུ་བཏང་བའི་རྨང་གཞིའི་ཐོག་མང་ཚོགས་ལ“གཞིས་ཁུལ་གྱི་ནང”དང་། “ལས་ཁུངས་ནང ”“སྒོ་འགྲམ”བཅས་སུ་སྤུས་ལེགས་བུ་བཅོལ་ཁང་གི་ཞབས་ཞུ་མཁོ་འདོན་བྱ་རྩིས་ཡོད།

ཨན་ཧུའེ་ཡིས་ད་ལོར་མཁར་སྡེའི་ཟབ་ཞུགས་རྣམ་པའི་རྒན་གསོ་ཞབས་ཞུ་ལས་ཁུངས130ལྷག་གསར་སྐྲུན་བྱས་པ་དང་བསྟུན་ནས་རིག་ནུས་སྨན་བཅོས་དང་། རིག་ནུས་ནད་སྐྱོང་། རིག་ནུས་རྒན་གསོ་སོགས་ཀྱི་རྣམ་པ་དོན་འཁྱོལ་དང་བེད་སྤྱོད་ཇེ་མགྱོགས་སུ་བཏང་།

ཨན་ཧུའེ་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་རིག་ནུས་རྒན་གསོ་ལྟེ་གནས་ཀྱི་རྒན་པ་ལིས་རེའུ་ཆིན་གྱིས་བཤད་རྒྱུར། དུས་ནམ་ཞིག་ཡིན་རུང་འབོད་བརྡའི་དྲིལ་བུ་འདི་མནན་ཆོག་ལ། འབོད་བརྡ་བརྒྱབ་མ་ཐག་ཞབས་ཞུ་བ་མྱུར་དུ་སླེབས་ཡོང་། དུས་ཚོད་ཉེར་བཞིའི་རིང་སྨན་པར་བསྟེན་ཆོག ཚན་རྩལ་གྱིས་ཀྱང་ང་ཚོའི་རྒན་གསོ་ལ་འགྱུར་བ་བཏང་བྱུང་། ངས་ལྷམ་གོན་སྐབས་ལེ་ཏ་ཡིས་མྱུར་དུ་གློག་བཀར་འཇོག  ཁྱོད་ཀྱིས་ལྟོས་དང་རིག་ནུས་འདི་ཅི་འདྲའི་གོ་ཆོད་ཅིག་རེད་ཨང་། འདིས་ང་ཚོའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་པས། ངའི་བྱིས་པའི་སེམས་བདེ་ལ་འབབ་ཐུབ། 

སྨན་པར་བསྟེན་ནས་སྨན་བཅོས་བྱ་རྒྱུ་ནི་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་གྱི་གྲས་ཤིག་རེད། མིག་སྔར། རྒྱལ་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ས་ཡ་གཅིག་འབུམ་གཅིག་ལས་བརྒལ་བ་མཁར་གྲོང་དུ་ཁྱབ་ཡོད་པ་དང་། གྲོང་ཁྱེར་གཅིག་གིས་དམ་ཟབ་རྣམ་པའི་གྲོང་ཁྱེར་སྨན་བཅོས་སྡེ་ཚོགས་ཀྱི་ཚོད་ལྟའི་བྱ་བ་སྒྲུབ་པ་དང་། རྫོང2199ཡིས་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་བཞིན་ཡོད།

ཀུའེ་ཀྲོའུ་ཞིང་ཆེན་དུ། དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་དེ་ཁོངས་གཏོགས་ཁུལ་གྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྲིད་འཛིན་སྡེ་བའི་འཕྲོད་བསྟེན་ཁང་ཚང་མར་ཁྱབ་པ་དང་། སྣེ་ཁྲིད་སྨན་ཁང་གིས་ད་དུང་གཞི་རིམ་གྱི་དགོས་མཁོ་གཞིར་བཟུང་སྟེ། ནད་ཐོག་སྨན་བཅོས་དང་དོ་དམ་ཐད་ཀྱི་ཤེས་ལྡན་མི་སྣ་མངགས་གཏོང་བྱས་ནས་ལག་རྩལ་དང་ཞབས་ཞུ་སོགས་ཀྱི་ཐོན་ཁུངས་གཞི་རིམ་དུ་སླེབས་རྒྱུར་སྐུལ་འདེད་བཏང་། ད་ལྟ། ཀུའེ་ཀྲོའུ་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སུ་གཞི་རིམ་དུ་སྨན་བཅོས་བྱེད་ཚད90%ཡན་རྒྱུན་འཁྱོངས་བྱས།

ཀུའེ་ཀྲོའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁྲེང་དབྱིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད། རིམ་པ་རྗེས་མར།  ང་ཚོས་སྨན་བཅོས་འཕྲོད་བསྟེན་ལས་ཀའི་གཙོ་གནད་དང་ཐོན་ཁུངས་གཉིས་ཀ་དོན་འཁྱོལ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་དགོས་པ་དང་། དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་གཞི་རྟེན་དུ་བཟུང་སྟེ། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་གི་ནུས་པ་ཇེ་མཐོར་བཏང་ནས་ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཐག་ཉེ་ས་རུ་སྨན་བཅོས་བྱེད་ཐུབ་པ་དང་སྨན་བཅོས་ལེགས་པོ་བྱེད་ཐུབ་ཏུ་འཇུག་དགོས་པར་མ་ཟད། ད་དུང་རིན་གོང་ཡང་ཇེ་བདེ་ལ་གཏོང་དགོས།

དམངས་འཚོའི་བྱ་བ་ལ་དོན་ཆུང་མེད།  ད་ལོར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་གཞི་ཁྱོན་ཐོག་མར་སྒོར་རབ་བཀྲམས་གསུམ་ལས་བརྒལ་བ་དང་། སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། ལས་ཞུགས། འཕྲོད་བསྟེན་བདེ་ཐང་། སྡོད་ཁང་འགན་སྲུང་བཅས་རྣམ་གྲངས4ཡི་གཏོང་སྒོ་བསྡོམས་རྩིས་བྱས་ན་སྒོར་རབ་བཀྲམས་གཅིག་ཁྲག་ཆེན་གཉིས་ཁྲག་ཁྲིག་བཞི་ལས་བརྒལ་བ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམངས་འཚོའི་བདེ་སྐྱིད་ཀྱི་དཔེ་རིས་ཤིག་རིམ་བཞིན་འགྲེམས་སྟོན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།