ཀྲང་གོ་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཚེས12ནས14ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་དང་གནོད་འགོག་གནོད་སེལ་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ།  ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ།  རང་བྱུང་གནོད་འཚེར་ཉེན་ཟོན་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་དགོས་པ་བསྟན།

ཀྲང་གོ་ཆིན་མཚོ་སྔོན་ཚྭ་མཚེའུ་མའེ་ལས་རིགས་དང་། ཅ་ལུད། ལིས་གློག་སོགས་ཁེ་ལས་དང་ནུབ་རྒྱུད་གཏེར་ལས་རིག་ལྡན་དོ་དམ་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས་ཐོན་སྐྱེད་གཉེར་སྐྱོང་དང་། ཞིབ་སྤེལ་གསར་གཏོད།  ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་རྟོག་ཞིབ་ཞིབ་ཕྲ་གནང་། ཁོང་གིས་འདི་སྐད། ཚྭ་མཚོའི་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཤིག་ཡིན་པས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཐོན་ཁུངས་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་བཏང་ནས་ཚྭ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཚྭ་མཚོའི་ཐོན་ལས་བཀོད་སྒྲིག་དང་། ཐོན་ནུས་འཆར་འགོད།  ཚད་གཞི་རིམ་སྤོར།  རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ཚྭ་མཚོའི་ཐོན་ཁུངས་ལས་སྣོན་ཞིབ་ཚགས་དང་། མདོག་ལྡན་ལྕགས་རིགས་བཙོ་སྦྱང་། རྒྱུ་ཆ་གསར་པ་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཐོན་ལས་འཁོར་འབྲེལ་དེ་ཟུར་སྣོན་རིན་ཐང་མཐོ་བའི་ཁྱབ་ཁོངས་སུ་སྣུར་སྲིང་ལ་སྐུལ་འདེད་གཏོང་དགོས་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཆེའི་གསར་སྤེལ་ལ་དམིགས་ནས་འགག་རྩའི་ལག་རྩལ་དང་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བྱེད་པ་དང་། འབྲེལ་ཡོད་ཐོན་ལས་ཀྱི་བརྒྱུད་རིམ་དང་། ལག་རྩལ།  བཟོ་རྩལ་གསར་གཏོད།  གྲངས་འཛིན་ནུས་པ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ།  ལྗང་མདོག་སྔོག་འདོན་དང་གྲོན་ཆུང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཟད་གྲོན་ཆུང་བ་དང་། བཙོག་འབུད་ཉུང་བ།  ཕན་འབྲས་ཆེ་བ་བཅས་ཡོང་བ་བྱེད་དགོས། གཞན་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། སྒོ་དབྱེ་བཀོལ་སྤྱོད་ཀྱི་རྣམ་པ་གསར་གཏོད།  ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཉམ་ལས་དམ་ཟབ་བཅས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་སྔོན་ཐོན་ཁྱུ་ཚོགས་གཏོད་དགོས་པ་བསྟན།

ཀྲང་གོ་ཆིན་ཟི་ལིང་གྲོང་ཁྱེར་གནའ་གྲོང་གི་འཕྲལ་སྡོམ་ཉེན་གཡོལ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ས་ཡོམ་སྔོན་བརྡ་ལྟེ་གནས་སུ་ཕེབས་ནས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོང་གིས་འདི་སྐད། ཚེ་སྲོག་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས“མཐའ་འཁྱོངས་གཉིས་དང་འགྱུར་ལྡོག་གསུམ”སོགས་ཀྱི་བླང་བྱ་གལ་ཆེན་གཞིར་བཟུང་སྟེ་རང་བྱུང་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས། སྔོན་ཚུད་ནས་སྔོན་འགོག་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བྱེད་པ།  ཚན་རྩལ་མཐོ་བ་དང“ཡུལ་ཐབས”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་། ཆེད་མཁས་པ་དང་། “བྱེད་སྟངས་རྙིང་པའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་པ།  ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་སོགས་ཉེན་ཁ་ཆེ་བའི་ས་ཁོངས་དང་མཚན་མོར་དྲག་ཆར་འབབ་པ་སོགས་ཉེན་ཁ་ཆེ་བའི་དུས་མཚམས་ལ་དམ་པོར་དམིགས་པ་བཅས་བྱས་ནས་སྐོར་ཞིབ་འགོག་སྲུང་ལ་ཤུགས་སྣོན་བྱེད་དགོས། གཞི་རིམ་གྱི་གནོད་འགོག་གནོད་སེལ་ལས་དོན་ལ་ཞིབ་ཕྲའི་རོགས་རམ་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནས་སྤོ་ཉེན་གཡོལ་བྱ་རྒྱུ་དེ་འཕྲལ་སྡོམ་སྔོན་ཇུས་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་ཞིབ་ཕྲ་ཅན་དང་ཏན་ཏིག་ཏུ་བཏང་སྟེ། གཞི་རིམ་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་དང་མང་ཚོགས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་དགོས། དངོས་འཐབ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། གནོད་སེལ་རྒུད་སྐྱོབ་བཀོད་པ་ཇེ་ལེགས་སུ་གཏོང་བ། སྔོན་ཐོན་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་བྱེད་པ།  ལྷག་པར་དུ་མཐོ་སྒང་གི་གྲང་ངར་ལ་དམིགས་ནས“ཆད་པ་གསུམ”སོགས་རྙོག་འཛིང་ཆེ་བའི་གནས་ཚུལ་ལ་རོགས་སྐྱོབ་འགག་སྒྲོལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།