མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རོགས་སྐྱོབ་ལས་སྒོའི་རིན་མེད་འཕྲིན་ཐུང་དྲན་སྐུལ་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་འགྲོ་ལུགས་སྒྲུབ་པར་རྒྱུས་ལོན་སྟབས་བདེ་ཡོང་ཆེད། ཉེ་དུས་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ཡོངས་སུ་སྤྱི་ཚོགས་རོགས་སྐྱོབ་ལས་སྒོའི་རིན་མེད་འཕྲིན་ཐུང་དྲན་སྐུལ་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས་རོགས་སྐྱོབ་ཀྱི་མྱུར་ཚད་དང་། ཞིབ་བཤེར་མཇུག་འབྲས། རྩིས་ཁྲར་མ་དངུལ་འབྱོར་བ་སོགས་འགག་རྩའི་ཆ་འཕྲིན་འཕྲལ་མར་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སེམས་ལ“རྩིས་ཁྲ”གསལ་པོ་ཞིག་འདོན་སྤྲོད་བྱས

ཞིང་ཆེན་དམངས་སྲིད་ཐིང་གིས་དཀའ་ངལ་ཡོད་པའི་མང་ཚོགས་རིགས་ལྔ(མ་མཐའི་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པ། གནས་སྐབས་རོགས་སྐྱོབ། མ་མཐའི་འགན་སྲུང་གི་བས་མཐར་ལྷུང་བའི་ཁྱིམ་ཚང་། དགོས་ངེས་ཀྱི་འགྲོ་སོང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་)རོགས་སྐྱོབ་ལས་སྒོའི་འཕྲིན་ཐུང་དྲན་སྐུལ་ནང་དོན་རྣམས་གཅིག་གྱུར་ཐོག་ཚད་ལྡན་དུ་བཏང་ནས་རེ་ཞུ་བདག་སྤྲོད་དང་། ཞིབ་བཤེར་གཏན་འཁེལ། མ་དངུལ་གཏོང་སྤྲོད་སོགས་འགག་རྩའི་ལྷུ་ལག་ཡོངས་ལ་ཁྱབ་པར་བྱས་པ་དང་། ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་ཚུལ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་མ་ལག་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། གཞི་གྲངས་དུས་ལྟར་མཉམ་ཐོན་བྱེད་པ། འཕྲིན་ཐུང་དུས་ཐོག་ཏུ་སྐྱེལ་བ། ལས་སྒོའི་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་འཇོག་པ་བཅས་མངོན་འགྱུར་བྱུང་། མང་ཚོགས་ཀྱིས་རོགས་སྐྱོབ་རེ་ཞུ་ཕུལ་རྗེས་འཕྲལ་མར་དང་ལེན་གྱི་སྐད་འབྱོར་ངེས་པ་དང་།  ཞིབ་བཤེར་གཏན་འབེབས་ལ་གྲོས་འཆམ་བྱུང་རྗེས་འགན་སྲུང་ཐོབ་བྱ་དུས་ཐོག་ཏུ་གསལ་བཤད་བྱེད་ངེས། མ་དངུལ་གཤམ་སྤྲོད་བྱས་རྗེས་འཕྲལ་མར་འབྱོར་ཐོ་བསྐུར་བ། འཕྲིན་ཐུང་གི་ནང་དོན་སྟབས་བདེ་ཁ་གསལ་དང་གཙོ་གནད་མངོན་གསལ་དོད་པ། འགྲོ་ལུགས་སྒྲུབ་ཚུལ་དང་། རོགས་སྐྱོབ་ཚད་གཞི། དངུལ་གྲངས་སོགས་གསལ་པོར་བཤད་དེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཁྱིམ་དུ་བསྡད་ནས་རོགས་སྐྱོབ་ཀྱི་འགྲོ་ལུགས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་ལས་སླ་མོ་སྒོ་ནས་ཁོང་དུ་ཆུད་པ་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་འཕྲིན་ཐུང་དྲན་སྐུལ་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་རིན་མི་དགོས་པ་དང་མང་ཚོགས་ལ་ཆ་འཕྲིན་ཞབས་ཞུའི་གྲོན་དངུལ་བསྡུ་ལེན་མི་བྱེད་པས་མང་ཚོགས་ཀྱི་ཁུར་པོ་དངོས་འབྲེལ་ཇེ་ཡང་དུ་བཏང་ཡོད། ཚོད་རྩིས་རགས་ཙམ་བྱས་པ་བརྒྱུད། སྤྱི་ཚོགས་རོགས་སྐྱོབ་ཀྱི་འཕྲིན་ཐུང་དྲན་སྐུལ་ལས་སྒོ་དེ་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི57ལ་ཁྱབ་རྒྱུ་དང་ལོ་རེར་ཆ་སྙོམས་འཕྲིན་ཐུང་ཁྲི200ཡན་བསྐུར་དགོས། ལོ་ལྟར་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བློ་འདྲི་དང་འཕྲིན་གཏོང་སོགས་ཀྱི་འབྲེལ་ཡོད་འགྲོ་གྲོན་སྒོར་ཁྲི250ལྷག་ཙམ་གྲོན་ཆུང་བྱ་རྒྱུ་དང་། “འཕྲིན་ཐུང་ཆུང་གྲས”ལ་བརྟེན་ནས“དམངས་ཚིས་འབོར་ཆེན”ལ་འདེགས་སྐྱོར་ཐུབ་པར་མ་ཟད། “རིན་མེད་ཞབས་ཞུ”ལ་བརྟེན་ནས་དམངས་ཚིས་ལ་དྲོད་བསྐྱལ། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་རིམ་ཁག་དམངས་སྲིད་ལས་ཁུངས་ཀྱིས་དྲ་ཐོག་དང་དྲ་འོག་མཉམ་འགུལ་ལམ་སྲོལ་དུས་གཅིག་ཏུ་འཐུས་ཚང་དུ་བཏང་ནས་ཤང་གྲོང(ཁྲོམ་ལམ)དང་རྫོང་རིམ་པའི་དམངས་སྲིད་ལས་ཁུངས་ཀྱི་བློ་འདྲིའི་ཁ་པར་ཡོངས་བསྒྲགས་བྱས་ཏེ་འཕྲིན་ཐུང་གི་ནང་དོན་ལ་དོགས་གཞི་ཡོད་པ་དང་། སྲིད་ཇུས་ལ་གོ་བ་མི་ལོན་པ། རེ་ཞུ་ཐག་གཅོད་བྱས་མེད་པ་བཅས་ཀྱི་ཕྱོགས་ནས་མང་ཚོགས་ལ་དུས་ཐོག་ཏུ་འགྲེལ་བཤད་དང་ལན་བཏབ་པ་དང་། རྗེས་འདེད་ལེགས་བསྒྲུབ་བྱས། “འཕྲིན་ཐུང་དྲན་སྐུལ+གནད་ལ་འཁེལ་བའི་ཞབས་ཞུ+ཐག་གཅོད་ཡོངས་འབྲེལ”བཅས་ཀྱི་བྱ་བའི་རྣམ་པ་ཆགས་པ་བྱས་ནས“འགན་སྲུང་བྱེད་དགོས་ཀྱང་འགན་སྲུང་བྱས་མེད་པ”དང“རོགས་སྐྱོབ་དུས་ཐོག་ཏུ་མ་ཐོན་པ”དང“མ་དངུལ་སྤྲོད་སྐབས་གནས་ཚུལ་རྒྱུན་མི་ལོན་པ”སོགས་ཀྱི་གནད་དོན་སྔོན་འགོག་ནུས་ལྡན་བྱས་པས། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལ་ཀུན་གྱིས་ཡིད་ཆེས་པ་དང་མང་ཚོགས་དེ་ལ་བློ་ཚིམ་ཡིད་མགུལ་ཆེ་རུ་ཕྱིན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།