གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ6པའི་ཚེས13ཉིན། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཚོགས་ར་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོ་མགོ་རྩོམ་མཛད་སྒོའི་སྟེང་རྒྱལ་ཁབ་རིག་དངོས་ཅུའུ་ཡིས2025ལོའི་རིག་དངོས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འོས་སྦྱོར་དཔེ་མཚོན་མིང་ཐོ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་ཅུའུ་ཡིས་རེ་ཞུ་བྱས་པའི་མཐོ་སྒང་བརྟན་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཅེས་པའི་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་དངོས་ཟིན་སྤྲད་པའི་ལས་གཞི་དེ་གནའ་ཤུལ་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ། རིག་གནས་གསལ་འགྲེལ་ཐད་ཀྱི་གྲུབ་འབྲས་བཟང་པོར་བརྟེན་ནས2025ལོའི་རྒྱལ་ཡོངས་རིག་དངོས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་བཅུའི་ཁྲོད་བདམས།
སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་གྲོ་རེངས་སྡེ་བ་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་མགོ་ཡོད་སའི་ལྟེ་བའི་ས་ཁུལ་དུ་གནས། རང་རེའི་རྒྱལ་ཁབ་དུ་ད་ལྟའི་ཆར་མ་གནས་སུ་ཡོད་པའི་ས་བབ་ཆེས་མཐོ་བའི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡིན་པས་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་རིག་ཚན་ཆེད་མཁས་རྩ་འཛུགས་བྱས་ནས་གཟབ་ནན་ངང་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་རིག་སྒྲུབ་བྱས་པ་བརྒྱུད་རྡོ་བརྐོས་འདི་ལ་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཞེས་བཏགས། འདིས་ཆིན་རྒྱལ་རབས་སྐབས་ཀྱི་ནུབ་ཕྱོགས་མངའ་ཁོངས་ཀྱི་གནས་ཚུལ་སྐོར་གྱི་སྲོལ་རྒྱུན་ཡིག་ཚགས་ཐད་ཀྱི་ཚད་བཀག་ཆ་ནས་ཐོལ་བརྒལ་མངོན་གསལ་བྱུང་བ་དང་། དེས་ཆིན་རྒྱལ་རབས་སྐབས་སུ་མངའ་ཁོངས་བཅོས་སྐྱོང་དང་འགྲིམ་འགྲུལ་ལམ་ཐིག མི་རིགས་མཉམ་འདྲེས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་དངོས་དཔང་རྩ་ཆེན་འདོན་སྤྲོད་བྱས། ལས་གཞི་འདི་རྒྱལ་ཡོངས་ཀྱི་དཔེ་མཚོན་བཅུའི་ཁྲོད་བདམས་པ་ནི་ལས་ཡུལ་དང་པོའི་རིག་དངོས་ལས་སྒྲུབ་པའི་བློས་གཏོང་གི་སྙིང་སྟོབས་ལ་ཁས་ལེན་དང་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་རྨང་རྐང་ལ་སྔར་ལས་ལྷག་པའི་ངོས་ཟིན་དང་ཁས་ལེན་བྱས་ཞིག་རེད།
རིག་དངོས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་གྱིས་རིག་དངོས་ཁྱབ་ཁོངས་ཀྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་ལ་བརྟེན་ནས་བྱ་བར་འཆར་འགོད་དང་བྱེད་ཐབས་ལེགས་སྒྱུར། གནད་དོན་ཐག་གཅོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྱབ་རྒྱ་ཆེ་རུ་བཏང་བ་གཅིག་བསྡུས་སྒོས་མཚོན་ཡོད་ལ། སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་ཆེན་པོ་བྱུང་། ཁྱོན་སྡོམ་དཔེ་མཚོན་ནུས་ཡོད266རེ་ཞུ་བྱས་པ་དང་རིག་དངོས་བྱ་བའི་ཁྱབ་ཁོངས་ཡོངས་དང་ཕྱོགས་སོ་སོར་ཁྱབ་ཡོད་ཅིང་། 2025ལོའི་རིག་དངོས་གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ཕན་འབྲས་མངོན་པར་གསལ། མཐོ་སྒང་བརྟན་སྲུང་བྱས་ནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཅེས་པའི་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ལས་གཞི་དཔེ་མཚོན་ལེགས་ཤོས་བཅུའི་ཁྲོད་བདམས་པ་ལས་གཞན་ས་འོག་མེ་འཁོར་འབབ་ཚུགས་ཀྱི་གནའ་མཁར་ཀྱི་ལྕགས་རི་དང་གྲོང་ཁྱེར་འཛུགས་སྐྲུན་དང་རིག་དངོས་སྲུང་སྐྱོབ་ཀྱི་འཆམ་མཐུན་མཉམ་གནས་སོགས་ལས་གཞི་བཅུ་བསལ་འདེམ་མིང་ཐོའི་ནང་ཚུད།