ད་ལོ་ནས་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལ་གཅིག་སྡུད་ལེགས་སྒྲིག་མང་པོ་བྱུང་། ས་གནས་སོ་སོས་སྤྱི་གསོག་མ་དངུལ་ཕྱིར་ལེན་དང་བེད་སྤྱོད་ཀྱི་ཁྱབ་ཁོངས་ཧུར་ཐག་གིས་རྒྱ་སྐྱེད་བཏང་ནས། སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་སྣ་མང་ལེགས་པར་བསྐངས།
ད་ལོ་ནས་བཟུང་། རྒྱལ་ཡོངས་སུ་གྲོང་ཁྱེར60ལྷག་གིས་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། དངུལ་བུན་ལེན་ཆོག་པའི་འབོར་ཚད་དང་། ཐོག་མའི་དངུལ་སྤྲོད་བསྡུར་ཚད། ཕྱིར་ལེན་ཁྱབ་ཁོངས་སོགས་ལ་འབྲེལ། སྤྱི་གསོག་མ་དངུལ་ཕྱིར་ལེན་རྒྱུའང་སྔོན་ཆད་ཁང་པ་ཉོ་བ་དང་ཁང་པ་གླ་བ་ནས། རང་སྡོད་སྡོད་ཁང་ལ་མཛེས་བཟོ་བྱེད་པའམ་ཡང་ན་གཞིས་ཁུལ་གྲོན་དངུལ་སྤྲོད་པ། གྲོང་ཁྱེར་གསར་སྒྱུར་སོགས་དམངས་འཚོའི་ཁྱབ་ཁོངས་མང་པོ་རུ་རྒྱ་སྐྱེད་བཏང་། ཉེ་ཆར། ཧྲེན་དབྱང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་གསར་པ་ཁག་བདུན་སྤེལ་ཏེ། དེའི་ནང་སྡོད་བདེ་རང་བཞིན་གྱི་སྒྱུར་བཀོད་དང་སྡོད་ཁང་རྒན་རྒོན་འཚམས་པར་བྱེད་པའི་སྒྱུར་བཀོད་བྱ་ཆེད་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་པར་བྱེད་པའི་བྱེད་ཐབས་སོགས་འདུས།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་གྲོང་མི་ཧན་ཡ་རུའུ་ཡིས་བཤད་རྒྱུར། ཁང་སའི་འཛིན་ཡིག་དང་ད་རུང་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་ལྟ་བུའི་ཡིག་ཆ་འཁྱེར་ནས་ཡོང་ན་འདི་ནས་ཐད་ཀར་སྒྲུབ་ཆོག ངས་བལྟས་ན་སྟབས་བདེ་རེད།
དེ་མིན། ས་གནས་སོ་སོས་ད་རུང་སྟབས་བསྟུན་ལས་ཞུགས་མི་སྣ་རྣམས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ནང་ཞུགས་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་། དབྱི་ཁྲང་དང་། ཅི་ནན། ལིའུ་ཀྲོའུ་སོགས་ཀྱིས་སྟབས་བསྟུན་ལས་ཞུགས་མི་སྣའི་འཇལ་གསོག་ཚོད་འཛིན་ཁྱོན་ཡོངས་ནས་གློད་པ་དང་། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་མ་སླེབས་པའི་སྟབས་བསྟུན་ལས་ཞུགས་མི་སྣ་དང་། ཉོ་སྐྱེལ་མཁན་དང་མྱུར་སྐྱེལ་པ། དྲར་འབོད་རླངས་འཁོར་གྱི་ཁ་ལོ་པ། མི་སྒེར་ཚོང་བ་སོགས་ཚང་མ་དྲ་ཐོག་ནས་རང་གིས་ཐོ་འགོད་བྱེད་པ་དང་སྒོར་མོ་འཇལ་གསོག་བྱེད་ཆོག
ད་ལོ་ནས་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁུལ་ཁོངས་ལས་བརྒལ་བའི་སྟབས་བདེ་ཅན་གྱི་ཞབས་ཞུའི་ཆུ་ཚད་ཀྱང་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར། མིག་སྔར། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཁུལ་ཁོངས་ཧྲིལ་བོར་སྤྱི་གསོག་མ་དངུལ་འཇལ་གསོག་དང་། དངུལ་བུན་ལེན་པ། ཕྱིར་ལེན་བཅས་གཞི་གཅིག་ཏུ་སྒྲུབ་ཐུབ་པར་མངོན་འགྱུར་བྱུང་ཡོད་པ་དང་། ཀོང་ཏུང་ཞང་ཀང་ཨོ་མིན་མཚོ་ཁུག་ཆེན་མོའི་གྲོང་ཁྱེར་མང་པོ་ཡིས་གྲོང་ཁྱེར་ལས་བརྒལ་བའི་སྤྱི་གསོག་མ་དངུལ་མཉམ་སྒྲུབ་བྱེད་ཐབས་ལག་བསྟར་བྱས། ཞི་ཨན་དང་མཚོ་སྔོན་བར་སྤྱི་གསོག་མ་དངུལ་ཕན་ཚུན་ཁས་ལེན་དང་ཕན་ཚུན་དངུལ་བུན་ལེན་ཆོག་པར་བྱས། སི་ཁྲོན་དང་ཁྲུང་ཆིང་གིས་བསྡོམས་པས་ཁུལ་ཁོངས་ལས་བརྒལ་བའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྒོར་ཐེར་འབུམ་བདུན་དུང་ཕྱུར་གཅིག་ལྷག་མངོན་འགྱུར་བྱས་ཟིན།