ཧུའུ་ཀྲུའུ་རྫོང་གི་ཁྱིམ་ཚང་ཞབས་ཞུས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6ཚེས13ཉིན། ཞིང་ལས་ཞིང་སྡེ་པུའུ་ཡི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་བྱ་དགའ་དཔྱད་འདེམས་གཟེངས་བསྟོད་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི2026ལོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས། ཧུའུ་ཀྲུའུ་རྫོང་གི་ཁྱིམ་ཚང་ཞབས་ཞུའི་ཐོན་ལས་ཀྱི་ལྟེ་བའི་རྐང་འཛིན་ཁེ་ལས་ཡིན་པའི་ཧུའུ་ཀྲུའུ་རྫོང་གི་ཕན་ཚུན་རོགས་རེས་ཁྱིམ་ཚང་ཞབས་ཞུའི་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལ་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་སྔོན་ཐོན་ཐུན་མོང་བྱ་དགའ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཧུའུ་ཀྲུའུ་རྫོང་གི་ཕན་ཚུན་རོགས་རེས་ཁྱིམ་ཚང་ཞབས་ཞུའི་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཙུགས་པ་ནས་བཟུང་། ཁྱིམ་ཚང་ཞབས་ཞུ་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་ཏེ་ས་གནས་ཀྱི་ཞིང་སྡེའི་ངལ་རྩོལ་ནུས་པའི་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་དམིགས་འབེན་དུ་བྱས་ནས་གསོ་སྦྱོང་གིས་ནུས་པ་སྩོལ་བ་གཙོ་བོར་བྱེད་པ་དང་། ལས་ཞུགས་བརྟན་འཇགས་རྩ་བར་འཛིན་པ། ཐོན་ལས་མཉམ་འདྲེས་སྤུས་འདེགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་ཏེ་དེང་རབས་ཅན་གྱི་དོ་དམ་བྱེད་སྟངས་དང་མཐོ་སྒང་ས་ཁོངས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས། ཐོན་ལས་དར་བ་དང་མང་ཚོགས་ཕྱུག་པ། མི་རིགས་འཆམ་མཐུན་གྱི་འཕེལ་རྒྱས་བགྲོད་ལམ་བཏོད་ཡོད། མིག་སྔར། ཧུའུ་ཀྲུའུ་རྫོང་གི་ཁྱིམ་ཚང་ཞབས་ཞུས་བསྡོམས་པས་ཁྱིམ་ཚང་ཞབས་ཞུའི་རིགས་ཀྱི་འབྲེལ་ཡོད་སློབ་ཁྲིད་ཉེར་ལྔ་བཀོད་སྒྲིག་བྱས་ཤིང་། གསོ་སྦྱོང་རིན་མེད་དུ་སྤེལ་བ་མ་ཟད་འཚོ་བའི་ཁ་གསབ་བྱིན་པ་དང་། མང་ཚོགས་ཀྱིས་སློབ་སྦྱོང་བྱེད་པའི་ཆ་རྐྱེན་ཇེ་དམའ་རུ་བཏང་སྟེ། གསོ་སྦྱོང་དང་ཁས་ལེན། ལས་ཞུགས་བཅས་གདུབ་ཟུམ་ཧྲིལ་བོའི་སྦྲེལ་ཐག་བསྐྲུན་ནས། ལས་ཞུགས་ཀྱི་དཀའ་གནད་སེལ་བ་དང་ཁུལ་ཁོངས་བརྒལ་བའི་ལས་ཞུགས་བརྒྱུད་ལམ་བཏོད་ཡོད།

ད་ལྟ། ཧུའུ་ཀྲུའུ་རྫོང་གི་ཁྱིམ་ཚང་ཞབས་ཞུས་བསྡོམས་པས་ཐད་ཀར་དང་ཡང་ན་བརྒྱུད་པའི་སྒོ་ནས་མང་ཚོགས་ཁྲི་གཅིག་དང་སྟོང་དྲུག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། ལོ་རེའི་ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ལས་བརྒལ། མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཁྱིམ་ཚང་ཞབས་ཞུའི་རིག་ནུས་གྲངས་འཛིན་སྟེགས་བུར་བརྟེན་ནས་བསྡོམས་པས་མི་ཐེངས་ས་ཡ་གཉིས་དང་འབུམ་གཅིག་ལྷག་ལ་ཞབས་ཞུ་བྱས། ཞབས་ཞུ་དང་ཞིང་ལས་ཐོན་རྫས་ཚོང་གཉེར་རྣམ་པ་གསར་སྐྲུན་བྱས་ཏེ་བཏོན་པ་དང། ཞིང་དུད་དང་འབྲེལ་བའི་ཕྱིར་འཚོང་དངུལ་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་ལ་སླེབས་པས། རྫོང་ཁོངས་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱ་བསྐྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་དམངས་འཚོའི་འདེགས་སྐྱོར་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཏེ། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ཞབས་ཞུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་རོགས་རམ་བྱེད་པའི་རྫོང་ཁོངས་འཕེལ་རྒྱས་ཀྱི་དཔེ་སྟོན་འཚོལ་ཞིབ་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།