སྐབས་བཅུ་གཉིས་པའི་ཀྲུང་གོ(ཧྲང་ཧའེ)རྒྱལ་སྤྱིའི་ལག་རྩལ་འདྲེན་གཏོང་ཉོ་ཚོང་ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཨ་རི་བོད་སྨན་དང་། ཡོན་ཏ་པེ་ལིན།(མཚོ་སྔོན) མཚོ་སྔོན་ཀྲུའུ་ཧྥིན་དབྱར་རྩྭ་དགུན་འབུ། མཚོ་སྔོན་ཤེལ་ཀོང་བོད་སྨན། མཚོ་སྔོན་ཁྲོན་མིང་སྨན་བཅོས་དང་དེ་མིན་མཚོ་སྔོན་པེ་ལི་ཤིང་མངར་བཅས་གནད་ཆེའི་ཁེ་ལས7འཁྱེར་ནས“མཛེས་སྡུག་གི་མཚོ་སྔོན། སྐྱེ་ཁམས་ཟོང་རྟགས”ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དུ་ཞུགས། བོད་སྨན་རྩེ་གྲ་དང་དབྱར་རྩྭ་དགུན་འབུའི་ཐོན་རྫས། འཁྱེར་བདེའི་གསོ་རླུང་བཟོ་སྤྱད་འཕྲུལ་འཁོར། བསྐྱར་སྒྲིག་གདོད་སྤྱིན་སྤྲི་དཀར་འདིང་རྫས། ཤིང་མངར་སོ་སྨན་སོགས་མཐོ་སྒང་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་ཡུལ་དངོས་སུ་བྲིན་ཁ་རྒྱུག་པོ་ཡོད་པ་དང་། ཉིན་གཉིས་ནང་རིམ་རྩིས་ཀྱི་བཙོང་འབོར་སྒོར་འབུམ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་ལྔ་བརྒྱ་ཟིན་ཡོད།
མཚོ་སྔོན་ལ་རྒྱལ་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ཀྲུང་ལུགས་དང་བོད་སྨན་གྱི་ཐོན་ཁུངས་ཁྱད་སྟོབས་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་ཀྲུང་ལུགས་དང་བོད་སྨན་རྒྱུ་ཆའི་ལྟེ་བའི་ཐོན་ཁུལ་ཞིག་རེད། ས་བབ་མཐོ་བ་དང་། ཉི་འོད་ཕོག་ཤུགས་ཆེ་བ། དྲོད་ཁྱད་ཆེ་བ། སྦགས་བཙོག་མེད་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལས་རྒྱུ་སྤུས་ལེགས་པ་དང་སྨན་ནུས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་སྨན་རྫས་གསོ་སྐྱོང་བྱས་ཡོད་པ་དང་། དེའི་ཕན་ནུས་ལྡན་པའི་གྲུབ་ཆའི་འདུས་ཚད་ཡོངས་ཁྱབ་ཏུ་རྒྱལ་ཁབ་ཀྱི་ཚད་གཞི་ལས་ཆེས་ཆེར་བརྒལ་ཡོད། ཞིང་ཆེན་ཡོངས་སུ་དབྱར་རྩྭ་དགུན་འབུ་དང་། ཐང་གུ་ལྕུམ་རྩ་ཆེན་མོ། ཆིན་ཇའོ། ཡང་ཀུ། ཨ་བི་ཥ། མཐོ་སྒང་གི་འཕང་འབྲས་སོགས་ཚབ་བྱེད་ཡིན་པའི“མཚོ་སྔོན་གྱི་སྨན་སྣ་བཅོ་བརྒྱད”ཀྱི་ཁྱད་ལྡན་སྨན་རྫས་རྒྱུ་ཆའི་མ་ལག་ཆགས་ཡོད་པ་དང་། ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་སྨན་རྫས་སྣ་ཕུན་སུམ་ཚོགས་ཤིང་དབྱེ་འབྱེད་བྱེད་ཚད་ཧ་ཅང་མཐོ། འགྲེམ་སྟོན་གྱི་དུས་སྐབས་སུ། འགྲེམས་སྟོན་ནང་ཞུགས་མཁན་གཙོ་གནད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁེ་ལས7གྱིས་ད་དུང་ཡུལ་དངོས་སུ་ཉམས་ལེན་དངོས་རྫས་སྒོར་ཁྲི་གཉིས་དང་སྟོང་བཞི་ལྔ་བརྒྱ་བྱིན་པ་དང་། འགྲུལ་བ་མི་ཐེངས་ཁྲི་བཞི་དང་སྟོང་གཅིག་ལྔ་བརྒྱ་ལས་བརྒལ་ཡོད། ཚོང་དོན་གྱི་གན་རྒྱ་འཇོག་པའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་དེ། ཉིན་གཉིས་ནང་རིམ་རྩིས་བསམ་འདུན་གྱི་གན་རྒྱ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་གཅིག་ཁྲི་དྲུག་ཟིན་པ་དང་། སྒོར་ས་ཡ་བཞི་དངོས་སུ་དོན་འཁྱོལ་བྱུང་ཡོད་ལ། བསྡོམས་པའི་རྣམ་གྲངས72ལ་གན་རྒྱ་བཞག་ཡོད་པ་དང་། མཉམ་ལས་ཕྱོགས་ཧང་ཀྲོའུ་དང་ཀོང་ཀྲོའུ། ཁྲེང་ཏུའུ། ཀྲེང་ཀྲོའུ་སོགས་སུ་ཁྱབ་ཡོད།