སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ལོ་རྒྱུས་རིག་གནས་ཤུལ་བཞག་གིས་འདས་ཟིན་པ་གསོན་ཉམས་ལྡན་པའི་ངང་བརྗོད་བཞིན་ཡོད་པ་མ་ཟད། ད་ལྟ་དང་མ་འོངས་པར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། དེ་དག་ང་ཚོར་དབང་བ་མ་ཟད་ཕ་ཚ་བུ་རྒྱུད་ལའང་དབང་། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལེགས་པོ་བྱེད་པ་ནི་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་ཞིག་ཡིན། ”ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དུས་རབས་གསར་པར་རང་རྒྱལ་གྱིས་རིག་གནས་ཤུལ་བཞག་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། སྤྱི་ཚོགས་ཡོངས་ཀྱི་ཤུལ་བཞག་སྲུང་སྐྱོང་འདུ་ཤེས་མངོན་གསལ་གྱིས་ཇེ་ཆེར་སོང་ལ། ལོ་ངོ་སྟོང་གི་རིག་གནས་ལ་གསོན་ཤུགས་རྒྱས་སུ་བཅུག
ཁྱམས་ཟམ་ནི་རང་རྒྱལ་གནའ་རབས་འཛུགས་སྐྲུན་གྱི“འགྱུར་རྡོ་གསོན་པོ”ཞིག་ཡིན་ལ། “ཁྱམས་ཟམ་སྲུང་སྐྱོབ་གྱི་ལོ་གསུམ་འགུལ་སྐྱོད”ཀྱི་མཇུག་བསྡུས་པ་དང་བསྟུན། ད་ལྟ་ཆར་རླུང་ཟམ་པའི་སྟེང་གི“དངོས་པོ་མངོན་པ་དང་། མི་མཐོང་བ། འཚོ་བ་མཐོང་བ”བཅས་ཀྱི་སྲུང་སྐྱོང་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རྒྱ་མཚོའི་རླུང་འཚུབ་མ་སླེབས་སྔོན། ཀྲེ་ཅང་དང་ཧྥུའུ་ཅན་སོགས་ས་ཆས་ཆར་རླུང་ཁྱམས་ཟམ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་བཞིན་ཡོད། ཨན་ཧུའེ་དང་ཅང་ཞི་སོགས་སུ་བཙུགས་པའི་ཁྱམས་ཟམ་གྱི“གྲངས་འཛིན་མཚེ་མ་མ་ལག”ཉིན་བཞིན་འཐུས་ཚང་དུ་སོང་། ལོ་ངོ་སྟོང་གི་གནའ་བོའི་ཟམ་པ་དེ“གཞན་དབང་མྱུར་སྐྱོབ”ལས་ཕྱོགས་ཡོངས་ནས“རང་འགུལ་སྔོན་འགོག”དང“མ་ལག་རང་བཞིན་གྱི་སྲུང་སྐྱོབ”ལ་ཕྱོགས་ཡོད།
ཀྲེ་ཅང་ཆིང་ཡོན་མུའུ་ཀུང་ཟམ་པའི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་པ་ཧུའུ་ཅུན་ཧྥུང་གིས་བཤད་རྒྱུར། དེ་གཟེར་མ་གཅིག་གི་ཡོས་བུ་ལ་བརྟེན་ནས་འབྲེལ་མཐུད་བྱེད་མི་དགོས། ང་ཚོའི་རྒྱུན་འཛིན་བྱེད་ཐུབ་པས། ང་ཚོར་དངོས་སུ་གནའ་རབས་ཀྱི་བཟོ་བོ་རྣམས་ཀྱིས་བློ་གྲོས་བསྩལ་བྱུང་བ་དང་། ད་དུང་ཁོ་ཚོས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་བློ་སྤོབས་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་དྲོད་ཚད་ཚོར་བྱུང་ལ། ང་ཚོར་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་རིག་གནས་ལ་གཟི་བརྗིད་ཀྱིས་ཁེངས་སུ་བཅུག
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་རྒྱུན་འཛིན་གྱི་མཐོ་ཚད་ལས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་པའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཁོང་གིས“ལོ་རྒྱུས་ལ་གུས་བཀུར་དང་། རིག་གནས་ལ་གུས་བཀུར། སྐྱེ་ཁམས་ལ་གུས་བཀུར་བཅས་བྱས་ནས། ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་ལེགས་པོ་བྱེད་དགོས”ཞེས་བླང་བྱ་བཏོན། “གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་དང་། ཧུར་ཐག་གིས་རྒྱུད་འཛིན་པ་སྐྱེད་སྲིང་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་སྔར་ལས་ཡིད་དབང་འཕྲོག་པར་བྱེད་དགོས། ”“སྲུང་སྐྱོབ་ཨང་དང་པོ་དང་། བེད་སྤྱོད་ལུགས་མཐུན། ཐེ་གཏོགས་ཆུང་ཤོས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས། ”བྱེད་པ་ནས། “སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པའི”ཚན་རིག་དང་མཐུན་པའི་འདུ་ཤེས་དང་། ཆ་ཚང་ཞིང་ནང་དོན་ཟབ་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བར། རིག་གནས་ཤུལ་བཞག་དེ་མི་རིགས་ཀྱི་རྩ་བ་དང་དཔལ་ཡོན་རྒྱུན་མཐུད་དང་འབྲེལ་བ་ཡོད་པའི་སྔ་ན་མེད་པའི་མཐོ་ཚད་དུ་སྤར་ཏེ། དུས་རབས་གསར་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས།
ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི་ཝང་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གིས་ཀྲུང་ཧྭའི་ཤེས་རིག་ལོ་ངོ་ལྔ་སྟོང་ལྷག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་གཞི་ཚུགས་ནས། ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་བྱེད་པའི་རང་དབང་དམ་པོར་བཟུང་ཡོད། སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འགལ་བ་རྩ་བ་ནས་སེལ་ཏེ། ལོ་རྒྱུས་རིག་གནས་ཀྱི་རྩ་རྒྱུད་རྒྱུན་འཛིན་དང་དེང་རབས་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཅིག་གྱུར་དམ་ཟབ་ཡོང་བ་བྱས་ནས། རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་སྲ་ཞིང་བརྟན་པའི་རིག་གནས་ཀྱི་གདེང་ཚོད་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག སྤྱི་ཚོགས་ཡོངས་ཀྱིས་ཤུལ་བཞག་ལ་གུས་བཀུར་དང་། རིག་གནས་ཀྱི་རྩ་རྒྱུད་སྲུང་བའི་ཐུན་མོང་གི་ངོས་འཛིན་རྒྱུན་མཐུད་ངང་གཅིག་ཏུ་འདུས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་།
ཁྲིམས་སྐྱོང་ལ་བརྟེན་ནས་རྨང་གཞི་བཏིང་སྟེ“མྱུར་སྐྱོབ་སྲུང་སྐྱོབ”ནས“བརྒྱུད་རིམ་ལྡན་པའི་སྲུང་སྐྱེལ་གྱི”ལམ་ལུགས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། གསར་དུ་བཟོ་བཅོས་བྱས་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས། “སྔོན་ལ་གནའ་རྫས་རྟོག་ཞིབ་དང་རྗེས་སུ་ནང་བཤུག་གཏོང་བ”དང་། “སྔོན་ལ་བརྟག་དཔྱད་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི”“སྲུང་སྐྱོབ་ཀྱི་སྔོན་འགྲོའི”ལམ་ལུགས་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྩ་བ་ཚུགས། ཧྲན་ཞི་ཞིན་ཀྲོའུ་ཡིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་ཐབས་ལ་བརྟེན་ནས་རི་བོ་རྩེ་ལྔའི་སངས་རྒྱས་ཀྱི་ཧྥོ་ཀོང་དགོན་པའི་རིག་གནས་མཛེས་ལྗོངས་སྲུང་སྐྱོབ་ལ་བརྟེན་ནས། རང་རྒྱལ་གྱི་ཆེས་གནའ་བོའི་ཐང་རྒྱལ་རབས་ཀྱི་འཛུགས་སྐྲུན་གྱི་རིག་གནས་རྗེས་ཤུལ་ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད། ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་པའི་བཅའ་ཁྲིམས་མ་ལག་གིས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་བྱེད་པར་འགན་ལེན་བརྟན་པོ་བྱས། ཁུངས་འཚོལ་དངོས་སྒྲུབ་བྱས་ཏེ། “གནའ་རྫས་རྟོག་ཞིབ་སྔོག་འདོན”ནས“དཔལ་ཡོན་ཨང་དཀྲོལ”དུ་འགྱུར་བའི་ངོས་འཛིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་། ཀྲེ་ཅང་ལིའང་ཀྲའོ་དང་། ཧྲན་ཞིའི་ཐའོ་སི། ཧོ་ནན་དབྱིན་ཞུས། སི་ཁྲོན་སན་ཞིན་ཏུའེ། ཨན་ཧུའེ་ཡི་ཝུའུ་ཝང་ཏུན་སོགས་རིག་ཚན་མང་པོ་ཞིག་གི་གནའ་རྫས་རྟོག་ཞིབ་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། མཚོ་གཏིང་གི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་ཆེན་པོ་མངོན། ཧུའུ་པེ་ཡིས་ཧྲི་ཅ་གཙང་པོ་དང་ཕན་ལུང་མཁར་སོགས་གནའ་ཤུལ་ཆེན་པོར་བརྟེན་ནས། འབྲི་ཆུའི་དཔལ་ཡོན་ཞིབ་འཇུག་གི“རྨང་མཐུག་པོ”དེ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོབ་ཀྱི“འདེགས་སྐྱོར”རུ་འགྱུར་བར་བྱས། ཀྲུང་ཧྭའི་དཔལ་ཡོན་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་ལས་གཞི་མང་པོ་ཞིག་ལག་ཏུ་བསྟར་ནས། རང་རྒྱལ་གྱི“ལོ་ངོ་ས་ཡ་ཡི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ཁྲི་ཕྲག་གཅིག་གི་རིག་གནས་ལོ་རྒྱུས། ལོ་ལྔ་སྟོང་ལྷག་གི་དཔལ་ཡོན་ལོ་རྒྱུས”ར་སྤྲོད་བྱས།
ཚན་རྩལ་ལ་བརྟེན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བབ་བསྟུན་བེད་སྤྱོད་ཀྱི་ལག་རྩལ་མཆོང་སྐྱོད་ཡོང་བར་བྱ་དགོས། ཞིན་ཅང་ཁེ་ཙེ་ཨར་བྲག་ཕུག་ཏུAIཉམས་གསོ་དང་འོད་ཤལ་དབྱེ་ཞིབ་བྱས་པ་ལས་ལོ1700ལྷག་སྔོན་གྱི་ལྡེབས་རིས་ལ་གསོན་ཤུགས་རྒྱས་སུ་བཅུག སུའུ་ཀྲོའུ་རུ། གསར་དུ་བསྐྲུན་པའི་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་ཀྱི“དར་གོས་ཁྲ་རིས་གཞི་གྲངས་མཛོད”ཀྱིས་ལོ་ངོ་སྟོང་གི་དར་གོས་འཐག་རྒྱུ་དེ་དེང་རབས་ཇུས་འགོད་ཀྱི་འཆར་སྣང་གི་འབྱུང་ཁུངས་སུ་བསྒྱུར་བཞིན་ཡོད། ཅིང་ཐའེ་ལན་བཟོ་སྐྲུན་ནས། ཁུན་ཆུས་ཟློས་གར་གྱི་འཁྲབ་སྟོན་དང་། དེ་ནས་སྲོལ་རྒྱུན་གྱི་ཇ་བཟོའི་ལག་རྩལ་བར། ཤར་ཕྱོགས་ཀྱི་མཛེས་རྩལ་རིག་པའི་གཟུགས་འདས་ཤུལ་བཞག་གཅེས་ནོར་འབོར་ཆེན་ཞིག་ན་གཞོན་མི་རབས་ཀྱི་དེང་རབས་མཛེས་དཔྱད་དང་མཉམ་དུ་དར་རྒྱས་བྱུང་ཡོད། འཛམ་གླིང་གི་རིག་གནས་དང་རང་བྱུང་གི་ཤུལ་བཞག་འབྱུང་ཡུལ་ཨན་ཧུའེ་ཧོང་ཧྲན་དུ། གྲངས་འཛིན་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པ་བརྒྱུད། བྲག་བརྐོས་དང་གནའ་བོའི་བཟོ་སྐྲུན་ཚོགས་པ་སོགས་ཀྱི་ཤུལ་བཞག་ལ་ཉིན་མཚན་མེད་པར་སྲུང་སྐྱོབ་ཐུབ་ཡོད།
ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ཡུལ་སྐོར་བ་ལུང་ཝུའེ་ཡིས་བཤད་རྒྱུར། འདི་རུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡོད་པ་མ་ཟད། གནའ་བོའི་རྗེས་ཤུལ་ཡང་མང་པོ་ཡོད་ལ། ངས་ཁྱེད་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་གུས་བཀུར་ཟབ་མོ་དེ་ཚོར་ཐུབ། སེམས་ཀྱི་དགའ་ཞེན་དང་གཅེས་སྤྲས་དེའི་རིགས་ནི་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤོས་ཀྱི་ཆ་ཡིན།
རིག་གནས་ཀྱི་མཆོག་ནོར་ལ་སྲུང་སྐྱོབ་བྱེད་པར་རྫོགས་མཐའ་མེད། ལོ་ངོ་སྟོང་གི་རིག་གནས་རྩ་བའི་རྒྱུན་འཛིན་ལ་རྒྱུན་ཆད་པ་མེད། མིག་སྔར་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར60ཡོད་པ་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་རྣམ་གྲངས་45ཡོད་པ་དེ་འཛམ་གླིང་གི་ཨང་དང་པོར་གནས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་རིག་གནས་ཤུལ་བཞག་དེ“མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ”བྱེད་རྒྱུར་སྐུལ་འདེད་གཏོང་ངེས། གནས་སྤོ་མི་ཐུབ་པའི་རིག་དངོས་ཁག་ཁྲིམས་བཀོད་ཤུལ་བཞག་བར་སྟོང་དོ་དམ་ཚོད་འཛིན་གྱི་རྒྱུ་རྐྱེན་གཙོ་བོའི་ནང་ཁྱོན་ཡོངས་སུ་བཅུག་སྟེ་ཤུལ་བཞག་བར་སྟོང་གི་ཚད་མཐའ་མཐའ་གཅིག་ཏུ་སྲུང་དགོས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ནུས་པ་བསྩོལ་དགོས། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་ཆེན་པོ་ལྔ་ཡི་ཤུལ་བཞག་རྒྱུ་རྐྱེན་གཙོ་བོ་གྲུབ་པར་བྱས་ནས། ཤུལ་བཞག་སྲུང་སྐྱོབ་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་བྱེད་དགོས།