མཚོ་སྔོན་གྱིས《ལག་བསྟར་བསམ་འཆར》བཏོན་ནས་གཙོ་གནད་བྱེད་ཐབས་ལ་བརྟེན་ནས་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ6པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ནས། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་དགོས་མཁོར་ལྟ་རྟོག་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ། ལས་ཞུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

《ལག་བསྟར་བསམ་འཆར》གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་བླང་བྱར་དམ་པོར་དམིགས་ཏེ། རང་ཞིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་དང་འགག་གནས་ལ་དམིགས་ནས། ཕྱོགས4ཡི་གཙོ་གནད་བྱེད་ཐབས་སྣ21བཏོན་ཡོད། སྤྱིའི་བླང་བྱ་ལས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་ལྔ་ལས་བརྒལ་བ་དང་། ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་དེ50%ཡན་ཆད་ཀྱི་ངེས་ཚད་དམིགས་འབེན་དུ་སླེབས་པར་བྱ་དགོས། གཙོ་གནད་ལས་འགན་ནང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཤོང་ཚད་ཆེ་རུ་གཏོང་བ་དང་རིམ་སྤར་བྱེད་པ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མཁོ་སྤྲོད་རྒྱུ་སྤུས་མཐོར་འདེགས་གཏོང་བ། ཐོན་ལས་མཉམ་འདྲེས་ཅན་དང་གྲངས་རིག་ཅན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། རོགས་སྐྱོར་ཁེ་ལས་ལེགས་འགྱུར་སྟོབས་ཆེར་གཏོང་བ་སོགས་ཕྱོགས4ཡི་བྱེད་ཐབས་དོན་ཚན17ཚུད་ཡོད། འགན་སྲུང་བྱེད་ཐབས་དོན་ཚན་བཞི་ནི་སོ་སོར་ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤེས་ལྡན་མི་སྣའི་གསོ་སྐྱོང་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་བཅོས་སྒྱུར་སྒོ་འབྱེད་རྒྱ་བསྐྱེད་པ། ཞབས་ཞུའི་ལས་རིགས་ཀྱི་ཚོང་འགུག་དངུལ་འདྲེན་ལ་ཤུགས་སྣོན་པ་བཅས་རེད།  

《ལག་བསྟར་བསམ་འཆར》གྱིས་རང་ཞིང་གི་ཐོན་ཁུངས་དང་ཐོན་ལས་གྲུབ་ཆའི་ཁྱད་ཆོས། འཛད་སྤྱོད་མཁོ་སྤྲོད་ཀྱི་དགོས་མཁོ་བཅས་ལ་གཞི་ཚུགས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིབ་ཕྲའི་བྱེད་ཐབས་ཁག་ཅིག་བཏོན།  རང་ཞིང་དུ་མིག་སྔར་གནས་པའི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་ཚད་མི་འདང་བ་དང་།     དངུལ་རྩ་དང་ཚན་རྩལ། ཟོག་འགྲེམས་སོགས་མངའ་ཁོངས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་རྒྱབ་སྐྱོར་བྱེད་པ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་རུ་གཏོང་ཚད་མི་འདང་བར་དམིགས་ཏེ། རིག་གནས་ཡུལ་སྐོར་དང་རྒན་གསོ། བུ་བཅོལ་སོགས་མངའ་ཁོངས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་རྒྱབ་སྐྱོར་བྱེད་པ། ཐོན་ལས་མཉམ་འདྲེས་ཅན་དང་གྲངས་རིག་ཅན་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་བོ་བྱས། ཚོང་གཉེར་བྱེད་པོ་སྐྱེད་སྲིང་བྱེད་པ་དེ་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་བརྩིས་ནས། ཁེ་ལས་སྐྱེད་སྲིང་དང་མཚོ་སྔོན་གྱི་ཞབས་ཞུའི་ཁྱད་ལྡན་ཟོང་རྟགས་སོགས་གཙོ་གནད་ལས་འགན་བསྐྲུན་ཚད་ཇེ་མགྱོགས་སུ་བཏང་སྟེ་གཞི་ཁྱོན་ཆེ་བ་དང་། གསར་གཏོད་བྱེད་པ།     འབྲེལ་ཐག་གཙོ་གཟུགས་ཅན་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ཁག་ཅིག་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།  ཧྲང་ཧའེ་སོགས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་བྱང་ཆུབ་པའི་ཉམས་མྱོང་སློབ་སྦྱོང་གང་ལེགས་བྱེད་པ་དང་།  ནོར་སྲིད་མ་དངུལ་ཁྲིད་སྟོན་དང་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་རིགས་བཅོས་སྒྱུར་རྒྱ་སྐྱེད།  ཚོང་འགུག་དངུལ་འདྲེན་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ཡོད།  ལས་རིགས་འཕེལ་རྒྱས་ཀྱི་ཧེ་བག་ལ་དམིགས་ཏེ། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས་ཕུད་པའི་སྡེབ་འཚོང་སིལ་འཚོང་དང་། ཞག་སྡོད་བཟའ་བཏུང་། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩ། ས་ཁང་བདག་ཁོངས། ཆ་འཕྲིན་ལག་རྩལ། བོགས་གཏོང་ཚོང་དོན། ཚན་རིག་ལག་རྩལ།  གྲོང་མིའི་ཞིག་གསོ། རིག་གནས་ལུས་རྩལ་རོལ་རྩེད་བཅས་གཙོ་གནད་ལས་རིགས10ལ་ལས་འགོ་ཚུགས་པ་སོ་སོར་ཆེད་དམིགས་བྱ་སྤྱོད་ཇུས་གཞི་བཟོས་ནས། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི“1+10”སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་བརྒྱུད་རིམ་ལྡན་པའི་ངང་བཙུགས།

《ལག་བསྟར་བསམ་འཆར》བཏོན་པ་དེས། རང་ཞིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དེ་ཤོང་ཚད་ཆེ་རུ་གཏོང་བ་ནས་ཕན་འབྲས་ཆེ་རུ་གཏོང་བ་དང་ཡིག་ཚགས་ཀྱི་རྣམ་པ་མཐོ་རུ་གཏོང་བའི་རིམ་སྤར་ཀྱི་དུས་མཚམས་གསར་པར་བསྐྱོད་པ་མཚོན་ཡོད། རང་ཞིང་གིས་ཐེངས་འདིའི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གོ་སྐབས་སུ་བྱས་ནས། འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་དང་བྱ་བའི་འགྲིལ་ཤུགས་གོང་བུར་སྒྲིལ་ཏེ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་དང《ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ནས། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་གིས་བཏོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།