ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཡོན་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ6པའི་ཚེས12ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཡོན་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ལ། སྲིད་འབྲས་ལྟ་བའི་འཛོལ་ཁྱད་ཀྱི་ལྡོག་ཕྱོགས་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས་ལ། ཏང་ཡོན་ལས་བྱེད་པས་གྱོད་དོན་དཔྱད་གཞིར་འཛིན་པ་དང་། གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་གསལ་པོ་བཟོ་བ། གྱོད་དོན་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་ཁྲིད་བྱེད་པར་ཡར་སྐུལ་བྱས་ཏེ། སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གླེང་བའི་ངོ་བོའི་མཚན་ཉིད་དང་པོ་འབུར་དུ་དོད་པ་དང་།  བསམ་བློའི་ངོས་འཛིན་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ།     འགན་འཁྲི་སྒྲུབ་པའི་འཛོལ་ཁྱད་དག་བཅོས་བྱེད་པ། བསླབ་བྱ་བསྡུ་ལེན་ནན་མོ་བྱེད་པ།     འགན་འཁྲི་སྒྲུབ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།  སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དངོས་གནས་འདྲེས་པར་བྱས་ཏེ། སྲིད་གྲོས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བརྟན་བརླིང་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ལས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྤྱི་དོན་དུ་ཏང་འཛུགས་པའི་རྩ་བའི་ལངས་ཕྱོགས་བརྟན་སྲུང་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། ལྷག་བསམ་རྣམ་པར་དག་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་སྦྱོང་བརྡར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་ཁེ་ཕན་ཨང་དང་པོར་འཇོག་པ། རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་བྱ་བར་དཔེ་བསྡུར་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཤུགས་རྒྱག་ས་ཡང་དག་བཙལ་དགོས། དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། དམངས་འཚོའི་བརྩེ་སེམས་ཟབ་མོར་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་དཀའ་གནད་དང་སེམས་ཁྲལ་གྱི་གནད་དོན་ལ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཇུས་འདོན་བྱེད་པ་དང་།  དམངས་འཚོའི་བདེ་རྩ་ཇེ་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་གཏོང་དགོས། ཚན་རིག་ལ་བརྩི་འཇོག་དང་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་།  ཞིང་ཆེན་གྱི་དངོས་ཡོད་ལ་གནས་ཚུལ་ལ་གཞི་ཚུགས་ནས་གྲོས་མོལ་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་ཐབས་ཇུས་ནུས་ལྡན་ལག་བསྟར་བྱས་ནས་ཕན་པ་སྔར་ལས་མང་པོའི་དཔྱད་གཞི་འདོན་སྤྲོད་བྱེད་དགོས། དངོས་སྒྲུབ་དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་ལས་རིགས་གཙོ་བོ་ལག་བསྟར་བྱས་ཏེ། ནམ་ཞིག་འགྲུབ་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྲིད་གྲོས་ཀྱི་བྱས་རྗེས་གསར་པ་འཇོག་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།