མཚོ་སྔོན་གྱིས་རྒན་གསོའི་གསོ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ6པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒན་གསོའི་གསོ་བཅོལ་གྱི་དམངས་འཚོའི་ཞན་ཆ་ཁ་གསབ་དང་མང་ཚོགས་ཀྱི་དམངས་འཚོའི་དགོས་མཁོར་འགན་སྲུང་བྱ་ཆེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་རིགས་གཅིག་པའི་སྡེ་ཁག་དང་མཉམ་དུ། རྒན་གསོའི་གསོ་བཅོལ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་གནད་འཁེལ་ཤུགས་འདོན་དང་བརྒྱུད་རིམ་ལྡན་པའི་སྐུལ་འདེད་བཏང་སྟེ། རིམ་རྩིས་བྱས་ན་ཀྲུང་དབྱང་གི་ཆེད་དོན་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་དྲུག་ས་ཡ་དགུ་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་གསོ་བཅོལ་དམངས་འཚོའི་ལས་དོན་ལ་ཆེད་དོན་འདེགས་སྐྱོར་བྱས་ནས་ཕན་འབྲས་ཐོན་པ་དང་།  “རྒན་པ་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུའི་འགན་སྲུང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་།

 

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་མ་དངུལ་གྱིས་རྒན་རྒོན་བདག་སྐྱོང་ཁང་དང་གསོ་བཅོལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་རྒན་གསོའི་གསོ་བཅོལ་ཞབས་ཞུའི་སྒྲིག་བཀོད160བསྐྲུན་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་། གཞུང་གཉེར་རྒན་གསོའི་ཉལ་ཁྲི་དང་གསོ་བཅོལ་ཉལ་ཁྲི་སོ་སོར4050དང5410ཡིས་ཇེ་མང་དུ་ཕྱིན་པ་དང་། རྒན་གསོའི་སྒྲིག་གཞིའི་ནད་སྐྱོང་རྣམ་པའི་ཉལ་ཁྲི་བཟུང་བའི་བསྡུར་ཚད་དེ2020ལོའི20%ནས2025ལོའི60%བར་འཕར་ཡོད་ཅིང་། མི་སྟོང་རེར་ལོ་གསུམ་མན་གྱི་ཕྲུ་གུའི་གསོ་བཅོལ་ཉལ་ཁྲི2020ལོའི0.5ནས2025ལོའི་བཞི་གྲངས་ཆུང་ལྔ་བདུན་བར་འཕར་ཡོད། སྲིད་གཞུང་གིས་གཞི་རྩར་འགན་སྲུང་བྱེད་པ་དང་སྤྱི་ཚོགས་སྣ་མང་ཟབ་ཞུགས། དམངས་ཡོངས་ཀྱིས་ཐུན་མོང་ཐོག་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པའི་རྒན་གསོའི་གསོ་བཅོལ་ཞབས་ཞུ་མཁོ་སྤྲོད་བྱེད་པའི་རྣམ་པ་རིམ་བཞིན་གྲུབ་ཡོད།

“རྒན་པ་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། རང་རེའི་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཅུང་དམའ་བ་དང་། གསོ་བཅོལ་ཞབས་ཞུའི་སྒྲིག་བཀོད་ནུས་ལྡན་མཁོ་སྤྲོད་མི་འདང་བ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་རིགས་གཅིག་པའི་སྡེ་ཁག་དང་མཉམ་དུ། རྒྱལ་ཁབ་ཀྱི་མི་འབོར་ན་རྒས་ཅན་དུ་འགྱུར་བར་ཁ་གཏད་འཇལ་བའི་ལས་དོན་དང་བཅོལ་གསོ་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་གང་ལེགས་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཡུལ་དངོས་སུ་རྟོག་ཞིབ་ཟབ་མོ་བྱེད་པ་དང་། གཅིག་གྱུར་ཇུས་འགོད་ལ་ཤུགས་སྣོན་པ། ལས་གཞི་གསོག་འཇོག་ཏན་ཏིག་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རྒན་གསོའི་གསོ་བཅོལ་ལས་གཞིའི་སྙན་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་། དམངས་འཚོའི་ཞབས་ཞུའི་ཞན་ཆ་གནད་ལ་འཁེལ་བའི་སྒོ་ནས་ཁ་གསབ་བྱས་ཏེ། རྒན་གསོའི་གསོ་བཅོལ་ཞབས་ཞུ་དེ་ཡོད་པ་ནས་ལེགས་པར་གྱུར་ཡོད།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་མཉམ་དུ། རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་བཀོད་གཏོང་དང་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ལས་གཞི་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། སྐྲུན་བཞིན་པའི་ལས་གཞི་ལག་བསྟར་དང་མ་དངུལ་གཏོང་སྤྲོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལས་གཞི་སྔ་ཙམ་བསྐྲུན་ནས་བེད་སྤྱོད་བྱས་ཏེ། ཀྲུང་དབྱང་གི་མ་དངུལ་བཏང་བའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས། དུས་མཚུངས་སུ། རྒན་གསོའི་གསོ་བཅོལ་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྤུས་ཚད་མཐོ་བའི་ཞབས་ཞུའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཅི་ཐུབ་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།