མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ20འཁོར་ལ་ཉེ་བའི་སྐབས་འདིར། ཟླ6པའི་ཚེས12ཉིན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གིས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི“མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི”སྒྲོག་བཤད་སྙན་ཞུའི་ཚོགས་པ་དམག་སྒར་དུ་གདན་དྲངས་ནས། རྒྱ་ཆེའི་དཔོན་དམག་ཡོངས་ལ་ཆེད་དོན་སྙན་ཞུ་ཕུལ། སྙན་ཞུ་ཚོགས་པའི་ཁོངས་མིས་རང་སྟེང་གི་ཉམས་མྱོང་དང་བབ་ཆགས་པའི་སྐད་ཆ་སྤྱད་དེ་བརྩེ་སེམས་ལྡན་པའི་སྒོ་ནས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་འཁོར་སྐྱོད་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་པ་དང་། མཐར་སོན་ལ་འགྲན་སློང་དང་རྩེ་གྲ་གཏོད་ཕོད་པའི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་འགྲེལ་བཤད་ཟབ་མོ་བྱས་པས། རྒྱ་ཆེའི་དཔོན་དམག་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
སྒྲོག་བཤད་སྙན་ཞུ་ཚོགས་པར་ལྕགས་ལམ་འཛུགས་སྐྲུན་པ་རྒན་པ་དང་ལས་ཡུལ་དང་པོའི་འཁོར་སྐྱོད་སྲུང་སྐྱོང་གདོང་ལེན་པ། མཐོ་སྒང་དུ་རྐང་ཚུགས་པའི་ལས་བྱེད་པ་དང་ན་གཞོན་ལས་གནས་ཀྱི་དཔེ་དམག་སོགས་ཡོད། ཁོ་ཚོས་རང་སའི་བྱ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་འཛུགས་སྐྲུན་དུས་སྐབས་ཀྱི་འགག་སྒྲོལ་དཀའ་སེལ་གྱི་ངོ་མཚར་བྱས་རྗེས་ནས་འཁོར་སྐྱོད་བྱས་ཏེ་ལོ་ངོ20འཁོར་བའི་རིང་གི་ཡག་ཐོག་ཡག་བརྩེགས་ཀྱི་བརྟན་སྲུང་བར་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྙིང་རུས་གཏན་འཁྱོངས་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་དྲོན་མོའི་བར། དམངས་འཚོར་ཕན་བདེ་བསྐྲུན་པའི་གཡུར་ཟའི་གྲུབ་འབྲས་ནས་ན་གཞོན་གྱིས་རྒྱུན་འཛིན་བྱས་པའི་འབད་འཐབ་ཀྱི་སྙིང་སྟོབས་བར་བཅས་ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མཚོ་བོད་ལྕགས་ལམ་གྱི་བགྲང་བྱ་ཉི་ཤུའི་དཀའ་སྡུག་གི་བགྲོད་ལམ་དང་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་བྱས།
སྙན་ཞུ་ཧྲིལ་བོའི་བརྗོད་དོན་གསལ་ཞིང་ནང་དོན་བདེན་པ་བདེན་ཐུབ་ཡིན་ལ། འགུག་ཤུགས་ཧ་ཅང་ཆེ། དཔོན་དམག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་པ་རྣམས་མིག་དཔེར་བྱས་ཏེ་རང་རྟོགས་སྒོས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། སེམས་འགུལ་ཐེབས་པ་དེ་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས་སྤོབས་པ་སྔར་ལས་ཆེན་པོས་ཕྱོགས་གཅིག་གི་བདེ་འཇགས་སྲུང་སྐྱོབ་དང་ས་གནས་ཤིག་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར།