མཚོ་ནུབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་སིལ་འཚོང་བསྡོམས་འབོར་སྒོར་བྱེ་བ་བརྒྱད་ས་ཡ་གསུམ་བརྒྱད་འབུམ་ཉིས་ཁྲི་སུམ་སྟོང་ལ་སླེབས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ད་ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུའུ་ཡིས་ཚོང་ལས་ཉོ་ཚོང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་། དམངས་འཚོ་འཛད་སྤྱོད་འགན་སྲུང་སོགས་གཙོ་རྒོལ་ཁ་ཕྱོགས་ཆེན་པོ་གསུམ་ལ་དམིགས་ཏེ། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་ཞིང་། ཕྱི་ནང་དཔལ་འབྱོར་ཉོ་ཚོང་གི་བོངས་ཚད་ཆེ་རུ་བཏང་ནས། དམངས་ཕན་འཛད་སྤྱོད་ཀྱི་བྱེད་ཐབས་རབས་དང་རིམ་པ་དོན་འཁྱོལ་བྱས་ཏེ། ཚོང་དོན་དཔལ་འབྱོར་གྱི་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་། ཟླ6པའི་ཚེས12ཉིན་བར། མཚོ་ནུབ་ཁུལ་ཞིང་ལས་ཐོན་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་བྱེ་བ་བརྒྱད་ས་ཡ་གསུམ་བརྒྱད་འབུམ་ཉིས་ཁྲི་སུམ་སྟོང་ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་ལས35.8%འཕར། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་ལྔ་ལ་སླེབས་ནས། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ།

ཁྱད་ལྡན་ཐོན་ལས་གསོ་སྐྱོང་ཐད། མཚོ་ནུབ་ཁུལ་གྱིས་ཞིང་ཕྱུགས་ཐོན་རྫས་དང་ཟས་རིགས་ལས་སྣོན་ཁེ་ལས13རྩ་འཛུགས་བྱས་ཏེ། ཧང་ཀྲོའུ་ཟས་རིགས་གློག་ཚོང་འགྲེམ་ཚོགས་སྟེང་ཞུགས་ཤིང་། འཕང་འབྲས་དང་ལི་གྲོ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ལམ་ནས་བཙོངས། 2026ལོའི་འཛམ་གླིང་སྤུས་རྟགས་མོ་ཀན་རི་བོའི་ཚོགས་ཆེན་ལ་ཞུགས་ནས། ཚྭ་འདམ་གཞོང་གི་སྤུས་ལེགས་ཚྭ་མཚོའི་ཐོན་ཁུངས་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་འོས་སྦྱོར་བྱས། དུས་མཚུངས་སུ་རྒྱལ་སྤྱིའི་ཁྲོམ་རར་རང་འགུལ་གྱིས་འབྲེལ་མཐུད་བྱས་ཏེ། ཁེ་ལས་ཁྲིད་ནས་ཐེ་ལན་རྒྱལ་སྤྱིའི་བཟོ་བཀོད་རྒྱུ་ཆའི་འགྲེམ་སྟོན་ཚོགས་འདུར་ཞུགས་པ་མ་ཟད་ཆེད་དོན་འོས་སྦྱོར་ཚོགས་འདུ་བསྡུས་ཤིང་། ཝུའུ་ཚའེ་བུལ་ལས་ཀྱི་བུལ་རྐྱང་ཏུན་ཆིག་ཁྲི་ཕྱིར་གཏོང་གི་ཉོ་སྒྲུབ་གྲོས་ཡིག་བཞག་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་མངག་ཐོར་ཐོད་བརྒལ་གསར་བ་བྱུང་།

ཚོང་ལས་ཉོ་ཚོང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ཐད། མཚོ་ནུབ་ཁུལ་གྱིས་ཚོང་ལས་ཉོ་ཚོང་གི་ལས་གཞི་གནད་འཁེལ་ཇུས་འགོད་བྱས་པ་དང་། མཁར་གྲོང་གི་དམངས་ལ་སྟབས་བདེ་བསྐྲུན་པའི་ཚོང་ལས་དྲ་ཚིགས་བཀོད་པ་རྒྱུན་མཐུད་ལེགས་སྒྱུར་བྱས། མིག་སྔར། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལས་གཞི20གཅིག་སྡུད་བྱས་ཤིང་། རྫོང་ཁོངས་ཀྱི་སྒོ་རྩིས་ཚོང་ཁང་དང་ཚོང་ར་བསྒྱུར་བཀོད་དང་འཛད་སྤྱོད་འདུ་གནས་ཁུལ་བསྐྲུན་པ། མཛོད་ཉར་ཟོང་འགྲུལ་ཆ་ཚང་། ཞིང་ཕྱུགས་ཐོན་རྫས་སྡེབ་སྒྲིག་ལྟེ་གནས་དང་ཚོང་རྫས་ཅན་གྱི་སྔོན་བཀོད་ཐག་གཅོད་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་རིགས་སྣ་མང་པོར་ཁྱབ་ཡོད་ལ། རྫོང་ཁོངས་ཀྱི་ཚོང་ལས་ཉོ་ཚོང་གི་སྒྲིག་བཀོད་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

དམངས་འཚོའི་འཛད་སྤྱོད་འགན་སྲུང་ཐད། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་མ་དངུལ་སྒོར་ས་ཡ་དྲུག་གཅིག་འདོམས་བྱས་ནས། ཚྭ་འདམ་གཞོང་ནས་འཛོམས་པ། ཉོ་ཚོང་དུས་ཚིགས་བསུ་ཞེས་པའི་སྐོར་ཐེངས་གཉིས་པའི་འཛད་སྤྱོད་ཡར་སྐུལ་གྱི་བྱེད་སྒོ་སྤེལ། ཁ་གསབ་ཁྱབ་ཁོངས་ལ་རླངས་འཁོར་དང་ཁྱིམ་གློག ཨང་ཀིའི་ཐོན་རྫས། བཟའ་བཏུང་། བཅོས་སྣུམ་སོགས་དམངས་འཚོའི་འཛད་སྤྱོད་ཁྱབ་ཁོངས་མང་པོ་འདུས་ཡོད། ནོར་སྲིད་མ་དངུལ་སྒོར་ས་ཡ་བཞི་འབུམ་བདུན་སྟོང་དགུ་བཏང་སྟེ། ཐད་ཀར་འཛད་སྤྱོད་སྒོར་དུང་ཕྱུར་གཉིས་བྱེ་བ་གཅིག་ལ་སླེབས་ནས། ས་ཁོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་ཐོག་ཡར་འཕེལ་བྱུང་བར་སྐུལ་ཁྲིད་ནུས་ལྡན་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།