སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྟོབས་དང་ལྡན་དགོས་ན་ཐོག་མར་ཞིང་ལས་སྟོབས་དང་ལྡན་དགོས་པ་དང་། ཞིང་ལས་སྟོབས་དང་ལྡན་ན་ད་གཟོད་རྒྱལ་ཁབ་སྟོབས་དང་ལྡན། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མེད་ན་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཧྲིལ་པོ་མེད། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ནི་ཆ་ཚང་བ་ཞིག་མིན།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། རང་རྒྱལ་གྱིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས། ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། མིག་སྔར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་རུ་གཞི་ཁྱོན་ཆེན་པོས་སྤེལ་བཞིན་པའི“དབྱར་གསུམ”ཐོན་སྐྱེད་ལ་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་འགྱུར་ལྡོག་གསར་པ་མངོན།
དབྱར་གཞུང་གི་དུས་སུ། ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་དུ། དབྱར་གསུམ་གྱི་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཞིང་ལས་ཞིང་སྡེ་པུའུ་ཡི་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུ་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ། བར་སྣང་དང་སྐམ་ས་མཐུན་སྦྱོར། གྲངས་རིག་ནུས་སྩོལ། རྨོ་འདེབས་དང་དོ་དམ་ཞིབ་མོ། ལྗང་མདོག་ཕན་མཐོ་སོགས་ཞིང་ལས་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་རྣམ་པ་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོར་ཁྱབ་བཞིན་ཡོད།
ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྩ་བའི་བླང་བྱ་ནི་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་དེ་ཡིན། 2013ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཞིང་ལས་ཀྱི་རྩ་བའི་ཐར་ལམ་ནི་དེང་རབས་ཅན་དུ་བསྒྱུར་རྒྱུ་དེ་ཡིན་ལ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཏོན།
ལོ་མང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་ཡོང་བ་དང་རྣམ་པ་གསར་པ་གཏོད་རྒྱུར་སྣེ་ཁྲིད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞིང་ལས་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་གཤོག་ཟུང་འཛུགས་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཡག་པོ་བྱས་ནས། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ཁྱབ་གདལ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ཏེ། ས་ཞིང་བཟང་པོ་དང་ས་བོན་བཟང་པོ། འཕྲུལ་ཆས་བཟང་པོ། བྱེད་ཐབས་བཟང་པོ་བཅས་གཅིག་བསྡུས་ཕན་བསྐྱེད་ལ་སྐུལ་སྤེལ་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་དགོས།
ད་སྐབས་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས། ཞིང་ལས་སྐྱེ་དངོས་རང་བརྟེན་འདེམས་གསོ་བྱས་པའི་ས་བོན་རིགས95%ལས་བརྒལ། རྨོ་ཞིང་ཕྱེད་ཀ་ཡན་ལ་ཐན་པར་ཆུ་གཏོང་བ་དང་འཁྱིལ་ཆུ་བཤང་ཐུབ་པ་བྱུང་ནས། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཐེར་འབུམ་གཅིག་ལྷག་གི་ཐོན་ནུས་མུའུ་རེ་ནས10%ནས20%བར་མཐོ་རུ་ཕྱིན། ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད76.7%ལ་སླེབས་ནས། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་གཉིས་ལ་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ལས་བརྒལ།
ད་ལོའི་དབྱར་གསུམ་དུ། ཐོན་ཚད་མཐོ་བ་དང་སྤུས་ཀ་དག་པ། འགོག་གཤིས་ཡོད་པ། འཚམ་ནུས་ཆེ་བ་བཅས་ཀྱི་ཐོད་བརྒལ་རང་བཞིན་ལྡན་པའི་ས་བོན་འབོར་ཆེན་ཞིག་ཚོད་ལྟའི་ཞིང་ཁ་ནས་ཞིང་ས་ཆེན་པོར་མགྱོགས་མྱུར་སྒོས་བསྐྱོད། ཧི་ནན་ཞིན་ཞང་ཀྲའེ་ཕའོ་གྲོང་རྡལ་གྱི་མུའུ་སྟོང་གི་ཐོན་མཐོའི་དཔེ་སྟོན་ཁུལ་དུ། སྤུས་ལེགས་གྲོ་སྣ་གསར་པ་སྟེ“གྲོ578”ཐོན་དངོས་ཞིབ་བཤེར་རྩིས་ལེན་བརྒྱུད། ཆ་སྙོམས་ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ701.7ལ་སླེབས།
གསོ་འདེབས་མཉམ་འབྲེལ་གྱིས་འགག་སྒྲོལ་བྱས་ནས་ཐོན་འབབ་འཕར་བའི་བག་ཤུགས་སྔོག་འདོན་གང་ལེགས་བྱས་པའི་དུས་མཚུངས་སུ། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་ཆུ་ཚད་ཀྱང་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད།
ད་ལོའི་དབྱར་གསུམ་ལ། བརྔ་བསྡུ་འཕྲུལ་ཆས་འབུམ་བརྒྱད་ལྷག་གིས་མཉམ་འབྲེལ་གྱིས་ཉིན་མཚན་མེད་པར་གྲོ་བརྔ་བསྡུ་བྱེད་པར་རེམ། རིག་ནུས་བཀོད་གཏོང་སྟེགས་བུས་ཞིང་ལས་འཕྲུལ་ཆས་དེ“དྲ་འབོད་རླངས་འཁོར”དང་འདྲ་བར་སྔར་བས་གནད་འཁེལ་གྱིས་བཀོད་སྒྲིག་བྱེད་བཞིན་ཡོད། ས་གནས་སོ་སོའི་འཕྲུལ་བསྡུའི་ལས་ཆོད་མཐོ་རུ་ཕྱིན་པ་དང་བསྟུན་ནས། ད་ལོའི་ས་ཁུལ་བརྒལ་བའི་ལས་སྒྲུབ་ཞིང་ལས་འཕྲུལ་ཆས་ན་ནིང་གི་འབུམ་གཉིས་ཁྲི་བརྒྱད་ཡས་མས་ནས་འབུམ་གཉིས་ཁྲི་བཞི་ཡས་མས་སུ་ཆག ཞིང་ལས་འཕྲུལ་ཆས་ཁ་ལོ་བ་ཚའེ་ཧྲིག་ཅུན་གྱིས་ཐོག་དང་པོར་སྒུལ་ཤུགས་མཉམ་བསྲེས་ཀྱི་བརྔ་བསྡུ་འཕྲུལ་ཆས་སྐོར།
ཉེ་བའི་ལོ་ཤས་རིང་བྱང་རྒྱུད་ཀྱི་ཆར་འབབ་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། གནོད་འཚེའི་གནམ་གཤིས་ཀྱིས་རྨ་ཆུ་དང་ཧོའེ་ཧི་ཆུ་བོ། ཧའེ་ཧི་ཆུ་བོ་བཅས་ཐོན་ཁུལ་གཙོ་བོར་འགྲན་སློང་གསར་པ་བསླངས། ད་ལོའི་དབྱར་གསུམ་ལ། གནས་དེའི་ས་ཁོངས་ཞིང་ལས་འཕྲལ་བསྟུན་རྒུད་སྐྱོབ་ལྟེ་གནས་ཆིག་སྟོང་བདུན་བརྒྱ་གོ་གཉིས་དང་རྒྱུན་རྣམ་ཅན་གྱི་ཞིང་ལས་འཕྲུལ་ཆས་འཕྲལ་བསྟུན་ལས་སྒྲུབ་ཞབས་ཞུའི་རུ་ཁག་བཞི་སྟོང་དགུ་བརྒྱ་དོན་དྲུག་གིས་མཉམ་འབྲེལ་སྒོས་ཞིང་ལས་འཕྲུལ་ཆས་ཀྱི་འཕྲལ་བསྟུན་རྒུད་སྐྱོབ་བྱས། ལྕགས་ཐག་རྣམ་པའི་བརྔ་བསྡུ་འཕྲུལ་ཆས་དང་སྤོ་སྒུལ་རྣམ་པའི་སྲོ་སྐམ་འཕྲུལ་ཆས་སོགས་ཞིང་ལས་འཕྲུལ་ཆས་ཀྱང་གཞི་ཁྱོན་ཆེན་པོས་སྤྱོད་འགོ་ཚུགས་ནས། ཉེན་ཁར་ཁ་གཏད་འཇལ་བའི་གདེང་ཚོད་དང་མཉེན་གཤིས་ཆེ་རུ་བཏང་།
ད་ལྟ་མི་མེད་གནམ་གྲུ་དང་གཞི་གྲངས་ཆེན་པོ། མི་ཐབས་རིག་ནུས་སོགས་ཀྱི་བཀོལ་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས། ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་སྲོལ་རྒྱུན་ཞིང་ལས་ཀྱི་རྣམ་པ་གསར་བ་གཏོད།
ཧེ་ལུང་ཅང་དུ་ཐེན་ཀུང་ཁའེ་ཝུའུ་དཔེ་དབྱིབས་ཆེན་པོས་རིག་ལྡན་ཞིང་ལས་སྣེ་ཁྲིད་ཀྱི་ཞིང་ར་བཅུ་གཅིག་བསྐྲུན་རྒྱུར་རོགས་རམ་བྱེད་བཞིན་ཡོད། མིག་སྔར་ཆི་ཞིན་ཞིང་ར་དབྱར་ཁའི་དོ་དམ་གྱི་འགག་རྩའི་དུས་སུ་སླེབས་ནས། རིག་ནུས་སྒྲིག་ཆས་ཉིས་བརྒྱ་ལྷག་གིས་ས་ཁོངས་ཡོངས་ལ་ཁེབས་པའི་རིག་ལྡན་ཞིང་ལས་གནས་ཚུལ་ལྟ་ཞིབ་ཚད་ལེན་དྲ་བ་གྲུབ་ཡོད་པ་དང་། དཔེ་དབྱིབས་ཆེན་པོ་ལས་རང་འགུལ་གྱིས་གནད་འཁེལ་ས་ཞིང་དོ་དམ་ཇུས་གཞི་གྲུབ་ཡོད།
ད་ལོར། རང་རྒྱལ་གྱིས་རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་ཁྲག་ཁྲིག་གཅིག་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་ནས། འབྲུ་སྣུམ་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོར་འདེགས་གཏོང་བའི་སྒྲིག་གཞི་ཧྲིལ་བོའི་སྐུལ་འདེད་རྫོང་བདུན་བརྒྱ་གཉིས་ནས་ཆིག་སྟོང་བར་ཇེ་མང་དུ་བཏང་།
སྔོན་ཏག་ཏག་ལ་སྒྲོག་སྤེལ་བྱས་པའི《ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》ལས། 2030ལོར་སླེབས་སྐབས་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ཐེར་ཆེན་ལྔ་ཡས་མས་སུ་སླེབས་དགོས་པ་བཏོན་ཡོད་པ་མ་ཟད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་གསལ་བོ་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་ཆེད“འཆར་འགོད་ཀྱི་དཔེ་རིས”གསལ་པོ་བཟོས།