ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

​རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ6པའི་ཚེས11ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་དག་ཐེར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་གཞན་དག་ལས་རྩད་ཆོད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་གཟབ་ནན་བྱེད་དགོས་ལ། རིགས་དགར་ནས་གནད་དོན་དང་དག་ཐེར་ལེགས་བཅོས་ཀྱི་གསལ་ཐོ་བཟོ་དགོས་པ་མ་ཟད། རེ་རེ་བཞིན་འགན་འཁྲིའི་བྱེད་པོ་དང་དུས་ཡུན་ཁ་གསལ་བཟོས་ནས། དག་ཐེར་ལེགས་བཅོས་ཚད་གཞིར་སླེབས་པར་འགན་ལེན་བྱེད་དགོས། རྩིས་བཤེར་བྱ་ཡུལ་ལུས་ཁུངས་ཀྱིས་གནད་དོན་ལྟར་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱེད་དགོས་ལ། གཙོ་གཉེར་སྡེ་ཁག་གིས་དག་ཐེར་ལེགས་བཅོས་མཛུབ་སྟོན་དང་ལྟ་སྐུལ་སྒྲུབ་གཉེར་ལ་ཤུགས་སྣོན་དགོས། སྡེ་ཁག་ལས་བརྒལ་བ་དང་ས་ཁུལ་ལས་བརྒལ་བའི་གནད་དོན་དང་འབྲེལ་བ་ཡོད་ཚེ། གཅིག་འདོམས་ཀྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དག་ཐེར་ལེགས་བཅོས་ཀྱི་སྒྲིལ་ཤུགས་ཆགས་པར་བྱ་དགོས། རྩིས་བཤེར་དག་ཐེར་དམ་འཛིན་བྱ་གཞི་བྱས་ཏེ། སྔོན་རྩིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་ཁྲལ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས་པ་མ་ཟད། ནོར་སྲིད་ཀྱི་ཚན་རིག་དང་མཐུན་པར་དོ་དམ་གྱི་དངོས་ཕན་ཆེ་རུ་གཏོང་དགོས།

གྲོས་ཚོགས་ལས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་བསྟན་དོན། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་ཕན་མཐོའི་ངང་རྩ་འཛུགས་དང་ལག་བསྟར་བྱེད་དགོས་ལ། སྒྲིག་བཀོད་གལ་ཆེན་གྱི་ཕན་མཐོའི་བེད་སྤྱོད་ལ་སྐུལ་སྤེལ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་མ་ལག་ཅན་དུ་འགྱུར་བའི་མཉམ་སྒྲུབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། རྨང་གཞིའི་ཞིབ་འཇུག་གི་གཙོ་རྒོལ་ཁ་ཕྱོགས་དང་གཙོ་གནད་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོས་ནས། གསར་གཏོད་ལ་ཕན་པའི་ཚན་ཞིབ་ཁོར་ཡུག་གཏོད་དགོས་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་བྱ་དགོས།

གྲོས་ཚོགས་ལས《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། དྲང་གཞག་ཡོང་བར་སྐུལ་སྤེལ་དང་གྲུབ་ཚུལ་ལེགས་སྒྲིག སྤུས་ཚད་མཐོར་འདེགས་བཅས་ལ་ཤུགས་བསྣན་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྣམ་པ་གསར་པ་གཏོད་དགོས་ལ། སློབ་གསོ་ཡིས་ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོའི་ཐོན་ཁུངས་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་གཏོང་དགོས་ལ། དངུལ་གཏོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱང་ཚད་སློབ་གསོ་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་མའི་སྐྱོན་བྲལ་འཚར་ལོངས་དང་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།

གྲོས་ཚོགས་ལས《མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་མ་ལག་ཚང་བའི་བཟོ་སྐྲུན་ཞིག་ཡིན་པས། གཙོ་གནད་འགག་སྒྲོལ་དམ་འཛིན་ཡག་པོ་བྱས་ཏེ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་ཡག་པོ་བྱ་དགོས། སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་གཅིག་འདོམས་སྐུལ་འདེད་དང་གནམ་གཤིས་འགྱུར་ལྡོག་ལ་ཧུར་ཐག་སྒོས་ཁ་གཏད་འཇལ་ནས། ལྗང་མདོག་ཐོན་སྐྱེད་འཚོ་བ་རོལ་སྟངས་མགྱོགས་མྱུར་སྒོས་ཆགས་པར་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་དང་ཚོང་ར། ཚན་རྩལ། སྲིད་ཇུས་བཅས་ལེགས་པོར་བཀོལ་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ལོན་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པ་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་སྟེ། འཆར་ཟིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་ཐག་བཅད།  གྲོས་ཚོགས་ལས་བསྟན་དོན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས་པ་དང་། བདེ་འཇགས་ཀྱི་ཉེན་ཁ་གསར་པར་ཁ་གཏད་འཇལ་དགོས་ལ། འགྲིམ་འགྲུལ་གྱི་དོན་རྐྱེན་སྣ་ཚོགས་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལེགས་པར་བསྲུང་དགོས་པ་མ་ཟད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། 

གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།