ཟླ6པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་འཇོན་མིའི་ལས་དོན་ཚོགས་འདུ་ཟི་ལིང་དུ་བསྡུས། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མི་དོན་འཇོན་མིའི་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་འཇོན་མིའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་འཕྲོད་བསྟེན་བདེ་ཐང་འཇོན་མིའི་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་མ་ཟད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཇོན་མིའི་ལས་དོན་གྱི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་འཇོན་མི་ནི་ཐོན་ཁུངས་གཙོ་བོ་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་འཇོན་མིར་བརྟེན་ནས་སྨན་བཅོས་ལས་དོན་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ལ། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་པ་དང་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་།
གྲོས་ཚོགས་ལས་བླང་བྱ་བཏོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམིགས་ནས་འཇོན་མིའི་ལས་དོན་རྣམ་པ་འཐུས་ཚང་དུ་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་དགོས་པ་དང་། གཞི་རིམ་གྱི་ཞན་ཆ་ཁ་གསབ་བྱེད་པར་དམིགས་ནས་གཞི་རིམ་འཇོན་མིའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་ཐོད་བརྒལ་གསར་པ་འབྱུང་བར་བྱེད་དགོས་ལ། མི་འདང་སར་དམིགས་ནས་མཐོ་རིམ་སྣེ་ཁྲིད་འཇོན་མི་ནང་འདྲེན་གསོ་སྐྱོང་བྱེད་པའི་ཐད་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་དགོས་པ་མ་ཟད། དགོས་མཁོར་དམིགས་ནས་འཇོན་མིའི་ཆེད་ལས་སྒྲིག་གཞི་ལེགས་སྒྱུར་བྱེད་པའི་ཐད་འཕེལ་རིམ་གསར་པ་ལོན་དགོས་པར་བྱེད་དགོས་ཤིང་། འཇོན་མི་གསོ་སྐྱོང་བྱེད་པར་དམིགས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་འཇོན་མི་བཀོལ་སྤྱོད་ལེགས་པོ་བྱེད་པའི་ཐད་མཐོར་འདེགས་གསར་པ་ཡོད་པར་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་ལ་དམིགས་ནས་འཇོན་མིའི་གསོན་ཤུགས་སློང་བའི་ཐད་གྲུབ་འབྲས་གསར་པ་མངོན་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། བྱ་བའི་མི་འདང་ས་ཁ་གསབ་བྱེད་པ་བཅས་བྱས་ནས་མཐོ་སྒང་གི་བདེ་ཐང་འགོག་ར་བརྟན་པོ་བཙུགས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་འཇོན་མིའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།