ཟླ6པའི་ཚེས10ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ་གྲོང་གསེབ་དར་སྤེལ་དང་འཕྲལ་བསྟུན་དོ་དམ། བདེ་འཇགས་གཏན་འཇགས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། འབྲུ་རིགས་བདེ་འཇགས། ལས་ཆོད་ཆེ་བའི་སྒོ་ནས་ལས་དོན་གཅིག་ལེགས་པོར་བསྒྲུབ་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲི་སྟོང་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱས་ཏེ་བྱ་བའི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཆེན་པོས་སློབ་གསོ་དང་སྨན་བཅོས། ཚན་རྩལ་བཅས་ཀྱི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ། རོགས་སྐྱོར་རྫོང་གཙོ་བོའི་འཕེལ་རྒྱས་ལ་གཅིག་བསྡུས་རྒྱབ་སྐྱོར་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ཐད་འཕེལ་རིམ་གསར་པ་ལེན་པ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཡང་བསྐྱར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་རྫུན་བཟོའི་གནད་དོན་ལེབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པ། སྲིད་འཛིན་ཞིབ་བཤེར་མཆན་འགོད་དང་འབྱུང་རྩར་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། ལྟ་སྐུལ་མཉམ་བཅོས་རྐྱེལ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དོན་རྐྱེན་ཚབས་ཆེན་འབྱུང་བ་གཏན་འགོག་བྱེད་དགོས། བཅོས་སྐྱོང་རྣམ་པ་དེ་སྔོན་འགོག་བྱེད་པའི་ཕྱོགས་སུ་རྣམ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། གནོད་སེལ་སྔོན་འགོག་དང་གནོད་འགོག་འགོག་སྲུང་། རྒུད་སྐྱོབ་འགན་སྲུང་བཅས་ཀྱི་ནུས་པ་གཅིག་བསྡུས་ཆེ་རུ་གཏོང་བ། ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས་སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཟླ6པའི་ཚེས5ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལས་གནས་བརྟན་པོ་དང་ཤོང་ཚད་ཆེ་རུ་བསྐྱེད་པ། སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་ལས་གཏོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་འཕར་སྣོན་ཡོང་དགོས། གསར་དར་བཟོ་ལས་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མཐོར་འདེགས་དང་གསར་དར་ཐོན་ལས་གསོ་སྐྱོང་སྟོབས་ཆེར་གཏོང་རྒྱུར་གཅིག་འདོམས་བྱས་ནས། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས། རྨང་གཞིའི་ཞིབ་འཇུག་ཐད་ཀྱི་དངུལ་གཏོང་སྔར་ལས་ཇེ་མང་དུ་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་བྱས་ཏེ། ད་ཡོད་ཐོན་ལས་ཀྱི་མ་འོངས་ཅན་དང་མ་འོངས་ལག་རྩལ་གྱི་ཐོན་ལས་ཅན་ལ་ཐོད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གིས་ཟླ6པའི་ཚེས9ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། སྣེ་ཁྲིད་དེ་ཁྲིམས་སྐྱོང་ལ་བརྩི་བཀུར་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། ཁྲིམས་ལྟར་སྲིད་འཛིན་ནན་མོ་བྱེད་པ། རྩ་ཁྲིམས་དམ་བཅའ་འཇོག་པའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ། ཚད་གཞི་སྔར་ལས་མཐོན་པོར་བརྟེན་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་འཇོན་ནུས་ཆེ་བ། སྤྱོད་ཚུལ་ལེགས་པོ་ཡོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་ཁྲིམས་འཛུགས་ཀྱི་ལག་བསྟར་རང་བཞིན་དང་ཁ་གསབ་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བསྐྲུན་པ་བཅས་བྱས་ཏེ། རང་ཞིང་གི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལོ་ཏོག་གཙོ་བོ་དམ་འཛིན་ལེགས་པོ་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལེགས་བསྡུས་ཞིབ་གཉེར་གྱི་ཚོང་གཉེར་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་འབྲུ་རིགས་དང་སྣུམ་རྒྱུའི་ཐོན་རྫས་བདེ་འཇགས་གཏན་འཇགས་ངང་མཁོ་འདོན་བྱེད་པར་འགན་སྲུང་བྱེད་དགོས། རྒན་གསོའི་ལས་ཁུངས་ཀྱི་བདེ་འཇགས་དོ་དམ་གྱི་མུ་ཕྲེང་ཡོངས་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ་དང་། སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་དང་ཆེད་ལས་ཆུ་ཚད་ཇེ་མཐོར་གཏོང་བ། ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་ལས་ཆོད་ཆེ་བའི་སྒོ་ནས་ལས་དོན་གཅིག་ལེགས་པོར་བསྒྲུབ་པའི2026ལོའི་སྐོར་དང་པོའི་དོན་ཚན་གཙོ་བོའི་གསལ་ཁྲར》གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།