མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཧོར་གྲོང་གི་དེང་རབས་ཁྱིམ་ལས་དངོས་སྦྱོང་རྟེན་གཞིར་བསྐྱོད་དེ་ཁྱིམ་སྡོད་གཙང་སྦྲ་དང་། རྒན་གསོའི་ཞབས་ཞུ། མ་བུ་བདག་སྐྱོང་སོགས་དངོས་སྦྱོང་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་ནས་གྲོང་གསེབ་ཀྱི་མང་ཚོགས་མི་ཉུང་བ་ཞིག་གིས་དེར་ཁྱིམ་ལས་དངོས་སྤྱོད་རྩལ་ནུས་སློབ་སྦྱོང་བྱེད་བཞིན་ཡོད། “དཔའ་ལུང་འཐེན་ཐུག”རྒྱལ་ཡོངས་སུ་ཁྱབ་གདལ་བྱས་རྗེས་རྨ་ཙོང་ལུང་གཞུང་གི་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་དམངས་འཚོའི་ངལ་ལས་སྤུས་རྟགས་གཞན་ཞིག་སྟེ“ཧོར་གྲོང་ཁྱིམ་ལས”སྐྱེད་སྲིང་བྱས། སྤུས་རྟགས་དེས་ཚད་ལྡན་ཅན་གྱི་དངོས་སྦྱོང་དང་། གཞི་གྲངས་གཞི་ཅན་གྱི་ལས་སྟེགས། ས་ཁོངས་ལས་བརྒལ་བའི་ངལ་ལས་ཕྱིར་གཏོང་བཅས་ལ་བརྟེན་ནས་རིགས་སྣ་མང་བའི་ཁྱིམ་ལས་ཐོན་ལས་འབྲེལ་ཐག་བཏོད་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་ནུས་ལྡན་ཞིག་ཏུ་གྱུར་ཡོད།
འཇོན་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཁྱིམ་ལས་དམངས་ཕྱུག་གི་འགན་འཁུར་དགོས།
2020ལོའི་སྔ་རྗེས་སུ“ཧོར་གྲོང་ཁྱིམ་ལས”དེ་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དུ་རྩ་བ་ཚུགས། སྤུས་རྟགས་ཀྱི་སྣེ་ཁྲིད་པ་ཝུན་ཧའེ་ཝུའེ་ནི་ཧོར་གྲོང་རྫོང་ཀའོ་ཀྲའེ་གྲོང་རྡལ་གྱི་མི་ཡིན་པ་དང་། དེ་སྔོན་ལ་པེ་ཅིན་དུ་སློབ་གཉེར་ལ་འགྲིམས་པར་མ་ཟད་ད་དུང་ཁེ་ལས་དོ་དམ་གྱི་ལས་ཀ་བྱས་མྱོང་ཡོད། 2022ལོར་ཁོ་ཕ་ཡུལ་དུ་ལོག་ནས་ཁྱིམ་ལས་ཁྱབ་ཁོངས་གཏིང་ཟབ་བཟོས་ཏེ། རྫོང་ཁོངས་ཀྱི་བེད་མེད་ངལ་རྩོལ་ནུས་ཤུགས་དང་གྲོང་ཁྱེར་གྱི་ཁྱིམ་ལས་ཞབས་ཞུའི་མི་འདང་ས་ལ་དམིགས་ཏེ་ཚོགས་པའི་སྣེ་ཁྲིད་དེ་ལས་བགོས་བརྒྱུད་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཁོས་ཕྱོགས་གཅིག་ནས་ཆེད་ལས་མི་སྣས་སྣེ་ཁྲིད་དེ་གསོ་སྦྱོང་སློབ་གྲྭ་གཉེར་སྐྱོང་དང་ཚད་ལྡན་ཅན་གྱི་རྩལ་ནུས་སློབ་ཁྲིད་མ་ལག་བཙུགས་པ་དང་། ཕྱོགས་གཞན་ཞིག་ནས་ཆེད་དོན་འཛིན་གྲྭ་བཙུགས་ནས“དྲ་སྦྲེལ་དང་ཁྱིམ་ལས་གཉིས་པའི”གཞི་གྲངས་ཀྱི་མ་ལག་བཏོད་དེ་དྲ་ཐོག་ནས་མངགས་ཐོ་དང་ལེན་དང་མངགས་གཏོང་བྱེད་པའི་ནུས་པ་འཐུས་ཚང་དུ་བཏང་། “ཁྱིམ་ལས་ནི་ཉི་གཞོན་ཐོན་ལས་ཤིག་ཡིན་པས་ཕྱོགས་གཅིག་ནས་ཕ་ཡུལ་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་གྱི་རྒན་གསོའི་བུ་གསོའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱེད་ཀྱི་ཡོད”ཅེས་ཝུན་ཧའེ་ཝུའེ་ཡིས་ཕ་ཡུལ་དུ་ལོག་པའི་ལས་གཏོད་དམིགས་ཡུལ་ནི་ཡུལ་མི་ཚོར་ལག་རྩལ་ཞིག་ཁོང་དུ་ཆུད་དུ་བཅུག་ནས་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད་ཡིན་ཟེར།
དངོས་སྦྱོང་དང་གཞི་གྲངས་ཀྱི་ཕྱོགས་གཉིས་ལ་ཤུགས་བཏོན་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བ།
ཧོར་གྲོང་རྫོང་གིས“ཁྱིམ་ལས་ཞིང་ལས་དར་རྒྱས”ཀྱི་འཐབ་ཇུས་ལ་གཞི་ཚུགས་ནས་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཏོན་ནས་ལེ་ལག་ཚང་བའི་ལས་གཞི་ཆེན་པོ་དྲུག་དང་ཞིབ་ཕྲའི་བྱེད་ཐབས་ཁག22་བཏོན། སྲིད་གཞུང་དང་ཁེ་ལས་ཀྱིས་ཐུན་མོང་ཐོག་སྒོར་ཁྲི500བཏང་ནས་ཞིང་ཆེན་ཡོངས་ཀྱི་དེང་རབས་ཁྱིམ་ལས་དངོས་སྦྱོང་རྟེན་གཞི་དང་པོ་བསྐྲུན་པ་དང་གྲོང་གསེབ་ཀྱི་བུད་མེད་དང་ལས་སྒུག་གཞོན་ནུར་ཕྱོགས་ནས་ཁྱིམ་ལས་རྩལ་ནུས་གསོ་སྐྱོང་བྱས། སློབ་མ་ཝང་ཆའོ་ཆའོ་ནི་དེ་སྔ་ཁྱིམ་སྤྱོད་གློག་ཆས་ཕྱིར་ཚོང་བྱེད་མཁན་ཞིག་ཡིན་ཞིང་། ཁྱིམ་ལས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མཐོང་ནས་རང་འགུལ་ངང་སྦྱོང་བརྡར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ་ཚན་རིག་དང་མཐུན་པའི་ཕྲུ་གུ་གསོ་སྐྱོང་དང་ཚད་ལྡན་གཙང་སྦྲ་སོགས་ཀྱི་རྩལ་ནུས་བྱང་ཆུད་པ་སྦྱངས། གྲོང་མི་ཀྲང་ཤིའུ་ལན་གྱིས་ལོ་ལྟར་ཁྱིམ་དུ་ཞིང་ལས་བྱེད་ཀྱི་ཡོད། གསོ་སྦྱོང་ནང་ཞུགས་རྗེས་བདེ་བླག་ངང་སྨན་ཞབས་པའི་ལས་མི་ཕྱོགས་སྒྱུར་བྱས་པས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བརྟན་པོ་ཞིག་རག་ཡོད། སློབ་མ་ཚོས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་དཔྱད་ཞིབ་བྱས་རྗེས་ལས་ཞུགས་མངགས་ཐོ་དང་ཐད་ཀར་འབྲེལ་མཐུད་ཐུབ་ནས་ཕྱོགས་སྒྱུར་ལས་ཞུགས་པ་མི་ཉུང་བ་ཞིག་ལས་ཞུགས་བརྟན་པོ་ཐུབ་ཡོད།
དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་རིག་ནུས་གྲངས་གཞིའི་ལས་སྟེགས་ཐོག་མ་དེ་དངོས་སུ་སྤྱོད་མགོ་ཚུགས་པས། དེ་སྔ་ངོ་ཤེས་ཀྱིས་ངོ་སྤྲོད་ལ་བརྟེན་ནས་མངགས་ཉོ་དང་ལེན་བྱེད་པའི་སྲོལ་རྒྱུན་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ལས་དེ་གཉེར་མཁན་ལི་ཆིན་དབྱིང་གིས་དང་ཐོག་ངོ་ཤེས་ལ་བརྟེན་ནས་ལས་ཀ་འཚོལ་བ་ཡིན་པས། ཡོང་སྒོ་གཏན་འཇགས་མིན། ད་ལྟ་ཁྱིམ་ལས་གཞི་གྲངས་ཀྱི་སྟེགས་བུ་བརྒྱུད་དེ་ཟླ་རེར་སྤྱི་ཚོགས་འགན་སྲུང་དང་འཐེན་རྗེས་གླ་ཕོགས་སྒོར3600བརྟན་པོའི་ངང་ལེན་བཞིན་ཡོད། ལས་སྟེགས་རིག་ནུས་ཀྱིས་མངགས་ཐོ་བགོ་བཤའ་རྒྱག་པ་དང་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་བྱས་པས་ལས་ཞུགས་མི་སྣའི་ཡོང་འབབ་ཆུ་ཚད་བརྟན་པོ་ནུས་ལྡན་བྱུང་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ལས་ལས་གཉེར་མི་སྣ70%ལྷག་ཙམ་ཧོར་གྲོང་རྫོང་གི་ཡིན་པ་དང་ས་གནས་དེའི་མཁོ་མཁན་བཅུ་ཆ་དགུ་ཡིས“ཧོར་གྲོང་ཁྱིམ་ལས”སྔོན་ལ་གདམ་ག་བྱེད་ཀྱི་ཡོད་པ་དང་། རྫོང་དེ་ཡོངས་ཀྱི་ཁྱིམ་ལས་གཉེར་སྐྱོང་བྱེད་པོ380ལྷག་ཙམ་ཞབས་ཞུ་ལས་རིགས25ལ་ཁྱབ་ནས་མི་ཁྲི1.6ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད། ་2024ལོར་ཁྱིམ་ལས་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར5.6ལབསླེབས།
ཕྱི་ནང་མཉམ་འགུལ་གྱིས་ཁྲོམ་ར་རྒྱ་སྐྱེད་བཏང་ནས་སྣ་མང་མཉམ་འདྲེས་ཀྱིས་ངལ་ལས་ཀྱི་སྒོ་བྱང་གསལ་བོར་བཟོས་པ།
འཕེལ་རྒྱས་ཀྱི་བར་མཐོངས་རྒྱུན་མཐུད་ངང་ཆེ་རུ་གཏོང་ཆེད“ཧོར་གྲོང་ཁྱིམ་ལས”ཀྱིས་སྣེ་ཁྲིད་དེ་ཞིང་ཆེན་ནང་ཁུལ་གྱི་སློབ་གླིང་དང་སློབ་གྲྭ་མང་པོ་ཞིག་དང་མཉམ་འབྲེལ་བྱས་ཏེ། ཁྱིམ་ལས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་ཐུན་མོང་འདུས་གྲུབ་བཙུགས་ནས་ཆེད་ལས་ཤེས་ལྡན་མི་སྣ་མཁོ་སྤྲོད་བྱེད་པར་རྨང་གཞི་བརྟན་པོ་བཏིངས། ཝུན་ཧའེ་ཝུའེ་ཡིས“ཁྱིམ་ལས་ལས་རིགས་ཀྱི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེ་རུ་གཏོང་བའི་སྲོག་ཤིང་ནི་མ་ལག་ཅན་དང་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་ལ་ཐུག་ཡོད། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱིས་ཐོན་ལས་ལ་ཆེད་ལས་ཤེས་ལྡན་མི་སྣ་རྒྱུན་མཐུད་ངང་སྐྱེལ་འདྲེན་བྱེད་ཐུབ”ཅེས་བཤད།
སྤུས་རྟགས་ཡུལ་བབ་དང་བསྟུན་དགོས་པ་ནང་བཞིན། ས་ཁོངས་རང་བཞིན་གྱི་ཁྱད་ལྡན་ཁྱིམ་ལས་ཡན་ལག་སྤུས་རྟགས་བཏོད་དེ་ས་ལར་རིགས་ཀྱི་ཁྱད་ལྡན་ཁྱིམ་ལས་དང་། སྡེ་ཁུལ་གྱི་རྒན་གསོའི་ཕྱག་གཉེར། རྒྱ་བོད་སྐད་གཉིས་ཀྱི་སྨན་ཞབས་པ་སོགས་ཁྱད་པར་ཅན་གྱི་ཞབས་ཞུ་བཏོན་ནས་ཞིང་ཆེན་ནང་ཁུལ་གྱི་མི་རིགས་མང་བའི་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ཕྱི་རོལ་གྱི་ཞབས་ཞུའི་དྲ་ཚིགས་བཀོད་སྒྲིག་བྱས་ནས་པེ་ཅིན་དང་། ཝུའུ་ཤིས། ཧའེ་ཏུང་སོགས་ས་ཁུལ་དུ་དོན་གཅོད་སྒྲིག་གཞི་བཙུགས་ཏེ་པེ་ཅིན་དང་། ཐེན་ཅིན། ཧོ་པེ་ས་ཁུལ་བཅས་སུ་སུ་གཏན་འཇགས་ངང་ལས་མི500ལས་བརྒལ་བ་ཡོད། ད་དུང་བོད་ལྗོངས་དུ་ཞབས་ཞུའི་ས་ཚིགས་བཙུགས་ནས་ཁྱིམ་ལས་ངལ་ལས་སྐྱེལ་འདྲེན་དྲ་རྒྱ་ནུབ་བྱང་དང་ཤར་རྒྱུད་དུ་ཁྱབ་ཡོད།
“ཁྱིམ་ལས་ནས་མགོ་བརྩམས་ཀྱང་ཁྱིམ་ལས་ཁོ་ན་ལས་མ་འདས་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་བའི་སྤུས་རྟགས་འཆར་གཞི་དེས་ཁྱིམ་ལས་ཞབས་ཞུའི་ཐབས་ལམ་ལ་བརྟེན་ནས་ཧོར་གྲོང་རྫོང་གི་ནས་ཆང་དང་མཐོ་སྒང་གི་པད་ཁའི་སྣུམ་སོགས་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་འོས་སྦྱོར་བྱས་ཏེ་ས་གནས་དེའི་ཞིང་ལས་དང་ཞོར་ལས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་། ཡུན་རིང་གི་དམིགས་ཚད་ནང་རྒྱལ་ཡོངས་ཀྱི་ཁྱིམ་ལས་ཡིད་རྟོན་མ་ལག་དང་རྒྱང་ཁྲིད་བློ་རིག་གསོ་སྦྱོང་དྲ་རྒྱ་གསར་འཛུགས་དང་། ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཁྱིམ་ལས་ལས་རིགས་གསར་སྤེལ་བྱ་བཚུད་ཡོད། གཞན་ཡང་སྤུས་རྟགས་དེས“ཞབས་ཞུ་བ་དང་། ཆ་འཕྲིན་པ། འབྲེལ་གཏུག་པ། དྲིལ་སྒྲོག་པ། འདུམ་འགྲིག་པ”བཅས་མི་སྣ་ལྔའི་ལམ་སྲོལ་གཞི་རྟེན་དུ་བྱས་ནས་ཁྱིམ་ལས་ཞབས་ཞུ་དང་མི་རིགས་མཐུན་སྒྲིལ་ལས་དོན་མཉམ་འདྲེས་གཏིང་ཟབ་བྱེད་པའི་འབྲེལ་ཡོད་ལག་ལེན་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་གྱོད་དཔེར་བདམས།
ད་སྐབས“ཧོར་གྲོང་ཁྱིམ་ལས”ཀྱིས་ལས་ཞུགས་ཡོང་འབབ་འཕར་སྣོན་དང་། མི་རིགས་མཐུན་སྒྲིལ། ལས་རིགས་མང་པོ་མཉམ་འདྲེས་བཅས་གཞི་གཅིག་ཏུ་འདུ་བའི་ཚད་ལྡན་གྱི་ཞབས་ཞུ་དང་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་ལ་བརྟེན་ནས་རྨ་ཙོང་ལུང་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་བྱེད་བཞིན་ཡོད་དོ། །