སྡེ་ཚན་དུ་མས་ལྕགས་ལམ་ཡུལ་སྐོར་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ6པའི་ཚེས10ཉིན་ཚོང་དོན་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ།  རྒྱལ་ཁབ་ལྕགས་ལམ་སྡེ་ཤོག་སོགས་ཀྱིས《ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》པར་འགྲེམས་བྱས་ཏེ། ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཡུལ་སྐོར་ཅན་གྱི་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། ལྕགས་ལམ་གྱི་ཡུལ་སྐོར་ཐོན་རྫས་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཐད་བྱེད་ཐབས་ཞིབ་ཕྲ15བཏོན་ནས། ལྕགས་ལམ་ཡུལ་སྐོར་གྱི་མཁོ་སྤྲོད་གསར་པ་སྔར་བས་རྒྱ་ཆེར་བཏང་སྟེ་ཞབས་ཞུའི་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད།

ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཡུལ་སྐོར་ཅན་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བའི་ཐད།  ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ལ་ཤུགས་སྣོན་པ་དང་། ཡུལ་སྐོར་བའི་ཆེད་གཏོགས་མེ་འཁོར་སྒུག་ཁུལ་གསར་གཏོད།  སྟབས་བདེའི་མེ་འཁོར་བརྗེ་བའི་བགྲོད་ལམ་བཀོད་སྒྲིག།  སྤྱི་ཚོགས་ཀྱི་མ་རྩ་སྣ་ཚོགས་ཡུལ་སྐོར་མེ་འཁོར་གྱི་སྒྲིག་བཀོད་སྒྱུར་བཀོད་ནང་ཞུགས་པར་སྐུལ་ལྕག་བཅས་བྱས་ཏེ།   ཐག་རིང་ཐུང་གི་ཡུལ་སྐོར་གྱི་རྣམ་པ་མི་འདྲ་བ་བཀོད་སྒྲིག་དང་། སྤུས་ལེགས་པ།  སྐྱིད་སྣང་དོད་པ།  ཀུན་ཕན་བཅས་ཀྱི་དགོས་མཁོ་མི་འདྲ་བ་བསྐང་ཅི་ཐུབ་དང་།   སྐྲ་དཀར་རྒན་རྒོན་དང་། ཞིབ་འཇུག་སློབ་སྦྱོང་། བདེ་ཐང་ཁམས་གསོ་སོགས་བརྗོད་བྱ་མི་འདྲ་བའི་མེ་འཁོར་འདོན་སྤྲོད་བྱས་ནས་ཚོང་ར་ཅན་གྱི་རྣམ་པར་བརྟེན་ནས་བརྗོད་དོན་མེ་འཁོར་དང་བརྗོད་དོན་འཁོར་སྒམ་གསར་བཟོ་བྱེད་དགོས།  2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མེ་འཁོར160ཡན་གྱི་ལྕགས་ལམ་ཡུལ་སྐོར་མེ་འཁོར་གྱི་ཆེད་སྤྱོད་མེ་འཁོར་གཏོད་རྒྱུ་རེད།

ལྕགས་ལམ་ཡུལ་སྐོར་ཐོན་རྫས་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་ཟབ་ཏུ་བཏང་ནས་ཡུལ་སྐོར་ཁེ་ལས་དང་ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གྱི་ཐོན་རྫས་ཇུས་འགོད་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་བརྗོད་དོན་གཙོ་བོའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གསར་སྤེལ་བྱེད་པ་དང་། རྒྱལ་ནང་དུ་ཡོང་མཁན་ཡུལ་སྐོར་བར་འཚམ་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་ཐོན་རྫས་ཇུས་འགོད་བྱེད་པ། གཏན་འཇགས་ལམ་ཐིག་ཤར་གཏོང་དང་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་གསར་སྤེལ་བྱེད་པ།  མེ་འཁོར་སྤ་སེ་ཕྱིར་ཚོང་རྣམ་པ་གཙོ་བོར་བྱེད་པའི་ཡུལ་སྐོར་ཆེད་གཏོང་ལམ་ཐིག་གི་ཐོན་རྫས་གསར་སྤེལ་བྱེད་པ།  མེ་འཁོར་གྱི་ཁྱད་ལྡན་སྒྱུར་བཀོད་དང་ཡུལ་སྐོར་གྱི་ཁྱད་ལྡན་ཞབས་ཞུར་ཤུགས་སྣོན་བྱེད་པ། ལོ་རྒྱུས་དང་། རིག་གནས།  མཛེས་ལྗོངས་བཅས་ཀྱི་རིན་ཐང་ལྡན་པའི་ལྕགས་ལམ་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་དང་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱེད་དགོས།

ལྕགས་ལམ་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་ལྕགས་ལམ་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དང་། གཏན་འཁེལ་འགྲུལ་སྐྱེལ།  མཛེས་ལྗོངས་ཁུལ་གྱི་ཆེད་སྤྱོད་སྤྱི་སྤྱོད་རླངས་འཁོར་སོགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མེ་འཁོར་ས་ཚུགས་ནས་མཛེས་ལྗོངས་ཁུལ་དུ་འགྲོ་འོང་བྱེད་པའི་“ཐོག་མའི་སྤྱི་ལེ་གཅིག”དང་“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པ་བྱ་རྒྱུ་རེད། ཡུལ་སྐོར་མེ་འཁོར་གྱི་ཞབས་ཞུ་དང་དོ་དམ་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ལུས་རྩལ་སྒྲིག་ཆས་སྐྱེལ་འདྲེན་དང་། ལམ་ཆས་དོ་དམ་མངགས་སྐྱེལ།  གཅེས་ཉར་སྲོག་ཆགས་མངགས་འདྲེན་བཅས་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ།  ས་ཚིགས་ནང་ཁུལ་དང་ས་ཚིགས་ཕྱིའི་ཞབས་ཞུ་བརྗེ་སྒྱུར་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་ཇེ་ལེགས་སུ་གཏོང་དགོས། མྱུར་བགྲོད་ལྕགས་ལམ་དྲ་བ་དང་གཙོ་གནད་འགྲུལ་སྐྱེལ་མྱུར་ཚད་དཀྱུས་མའི་ལྕགས་ལམ་སོགས་རྣམ་པའི་སྒུལ་བདེའི་དྲ་རྒྱའི་བརྡ་རྟགས་བསྟུད་མར་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས།

གཞན་ཡང་ཐེངས་འདིའི་སྲིད་ཇུས་ནང་ད་དུང་ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་མེ་འཁོར་གཏོང་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་སྣ་ཚོགས་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ལྕགས་ལམ་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་གཉེར་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བཏོན་ཡོད། སྐས་རིམ་ལྟ་སྐྱོང་གི་སྤ་སེའི་རིན་གོང་སྲིད་ཇུས་བཏོན་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་མང་བ་སྐུལ་སྤེལ་བྱས།

ཚོང་དོན་པུའི་ཞབས་ཞུའི་ཚོང་དོན་དང་ཚོང་དོན་ཞབས་ཞུའི་ལས་རིགས་སིའི་སི་ཀྲང་གཞོན་པ་ཙུའོ་ཞའོ་པོ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ལྕགས་ལམ་ཡུལ་སྐོར་གྱི་མཁོ་སྤྲོད་གསར་པ་རྒྱ་བསྐྱེད་དང་  སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་ ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཕན་ཚུན་ནུས་པ་ཐོན་པའི་རྣམ་པ་གསར་པ་ཆགས་པ་བཅས་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།